Life of Shechen Gyaltsab Rinpoche—Tibetan

Biographies | Tibetan MastersAlak Zenkar Rinpoche | Tibetan MastersShechen Gyaltsab Rinpoche

English | བོད་ཡིག

Alak Zenkar Rinpoche

Shechen Gyaltsab

Further Information:

༄༅། །ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས།

༄༅། །ཞེས་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་མཆོག་ནི། ཡབ་ཨ་གྲོའི་རུས་སུ་གཏོགས་པ་ཤེས་རབ་དང་། ཡུལ་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཉིན་ལྷ་ཐོག་དང་སྡེ་དགེའི་ཆར་གཏོགས་རྫོགས་ཀྱི་མཚོ་ལུང་ཞེས་པའི་གནས་སུ་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཨོ་རྒྱན་རང་བྱུང་རྡོ་རྗེའི་ཡང་སྲིད་དུ་ངོས་བཟུང་། འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་སྡེ་ཞེས་སུ་མཚན་བཏགས། ཞེ་ཆེན་དགོན་པ་བསྟན་གཉིས་དར་རྒྱས་གླིང་གི་ཆོས་ཁྲི་ཆེན་པོར་རྒྱལ་ཚབ་བཞི་པར་མངའ་གསོལ། རྗེ་ཉིད་ཀྱི་ཁུ་བོ་པདྨ་དབང་ཆེན་ནམ་ཡོངས་གྲགས་སུ་སྐྱིད་གཡང་ཞེས་སུ་འབོད་པའི་དྲུང་ནས་ཡི་གེ་འབྲི་ཀློག་དང་། སྙན་ངག་མེ་ལོང་། སྒྲ་རིག་ཀ་ཙན་དབྱངས་གསུམ། སྡེབ་སྦྱོར་རིན་འབྱུང་། རྩིས་དཀར་ནག་གི་གཞུང་སོགས་ཐུན་མོང་གི་རིག་གནས་གསན་སྦྱང་མཛད། རྫོགས་ཆེན་མཁན་པོ་པདྨ་དམ་ཆོས་འོད་ཟེར་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་པདྨ་རྣམ་རྒྱལ་ཞེས་གསོལ། དགེ་མང་མཁན་པོ་ཡོན་ཏན་རྒྱ་མཚོ་ལས་བསྙེན་པར་རྫོགས་ཏེ་ཕྱི་སོ་སོར་ཐར་པའི་འདུལ་ཁྲིམས་ཀྱི་སྤང་བླང་གི་གནས་ཕྲ་མོ་ཙམ་ཡང་མི་ཉམས་པར་བསྲུངས་པས་བསྟན་པའི་མིག་རྒྱན་དུ་གྱུར། མཁྱེན་ཀོང་རྣམ་གཉིས་དང་། མཁན་ཆེན་ཀརྨ་བཀྲ་ཤིས་འོད་ཟེར། རབ་འབྱམས་ལྔ་པ་སོགས་ལས་སེམས་བསྐྱེད་སྡོམ་པའི་ཚུལ་ཁྲིམས་གསན་བཞེས་མཛད། ནང་བྱང་ཆུབ་སེམས་དཔའི་བསླབ་བྱའི་གནས་མཐའ་དག་ལ་འཇུག་ལྡོག་ཇི་བཞིན་མཛད་དེ་རྒྱུད་བྱང་ཆུབ་སེམས་ཀྱི་ཡོངས་སུ་གཏམས་ཤིང་གཞན་ཕན་འབའ་ཞིག་ལྷུར་བླངས། འཇམ་མགོན་མཁྱེན་བརྩེའི་དབང་པོའི་མདུན་ནས་བཀའ་དགོངས་ཕུར་གསུམ་སོགས་ཀྱི་བཀའ་གཏེར་གྱི་དབང་ཁྲིད་མན་ངག་དང་བཅས་པ་གསན། རྗེའི་ལམ་རིམ་ཆེན་མོ། ཀརྨ་རང་བྱུང་རྡོ་རྗེའི་ཆོས་སྐུ་མཛུབ་ཚུགས་སོགས་སྔགས་གསར་མའི་ཆོས་སྐོར་མང་དུ་གསན། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་དང་། ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གསན། ཤེས་བྱ་མཛོད་རྩ་འགྲེལ་དང་བཅས་པ་གླེགས་བམ་གསུམ་པོ་ཀོང་སྤྲུལ་རིན་པོ་ཆེ་མཆོག་གིས་མཆོད་བརྗོད་དང་། མཇུག་བྱང་སྟེང་ནས་ལྗགས་ཁྲིད་གནང་། དཔེ་རྣམས་དབུ་ཐོག་ཏུ་བཞག་སྟེ་བཀའ་རྒྱ་གདམས་གཏད་སྨོན་ལམ་ཤིས་བརྗོད་དང་བཅས་པ་མཛད།  བཀའ་བརྒྱུད་སྔགས་མཛོད་དང་། རྙིང་མ་རྒྱུད་འབུམ་བཅས་གསན། མཁན་ཀརྨ་བཀྲ་ཤིས་འོད་ཟེར་མདུན་ནས་གདམས་ངག་མཛོད། རྒྱ་ཆེན་བཀའ་ཡི་མཛོད་བཅས་ཀྱི་དབང་ལུང་ཁྲིད་གསུམ་བཅས་རྫོགས་པར་གསན། འཇམ་མགོན་མི་ཕམ་མདུན་ནས་གུ་རུའི་ཡང་དག་གསང་འགྲེལ་ཆེན་མོ།  འཇམ་དཔལ་རྫོགས་ཆེན་གྱི་སྐོར། བཀའ་བརྒྱད་རྣམ་བཤད། མཁས་འཇུག མདོ་སྔགས་གཞུང་གི་དཀའ་གནད་དོགས་གཅོད། ཉམས་བཞེས་སྐོར་གྱི་དོགས་སེལ་སོགས་གནང་། གཞན་ཡང་། ཞེ་ཆེན་རབ་འབྱམས་ལྔ་པ། མཁན་ཀུན་དཔལ། ཀཿཐོག་སི་ཏུ། དཔལ་སྤུངས་རྒྱ་སྤྲུལ་ཀུན་བཟང་བསྟན་པའི་ཉི་མ། རྫོགས་ཆེན་མཁན་པདྨ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་གཙུག་གི་བླ་མར་བརྟེན། འབར་ཆུང་མཆོག་སྤྲུལ་ཐུབ་བསྟན་དགེ་ལེགས་དང་། ཁྲོ་ཤུལ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་སོགས་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཚར་གཉིས་གཙོས་སྔོན་བྱོན་དམ་པ་རྣམས་ཀྱི་བཀའ་འབུམ་ཁག་དང་གཞུང་འགྲེལ་སོགས་གསན་བསམ་རྒྱ་ཆེར་མཛད།  ལོ་ཉི་ཤུ་ལྷག་ཙམ་དུ་བསྐྱེད་རྫོགས་ཀྱི་གནས་ལ་ཐུགས་དམ་གནད་དུ་བསྣུན་པས་ཉམས་རྟོགས་ཀྱི་ཡོན་ཏན་བླ་ན་འཕེལ། ས་ལམ་གྱི་མངོན་རྟོགས་རྫོགས་པར་བརྙེས། འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་སྐོར་ཉམས་བཞེས་སྙིང་པོར་གནང་བས་བློས་བྱས་ཀྱི་འཛིན་པ་དག རང་བྱུང་གི་རྟོགས་པ་བརྙེས། དགོངས་པའི་གཏེར་ཆེན་བརྡོལ། འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་བཅུར་སྤྲོས་ཏེ་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་རྗེ་ཉིད་ཀྱི་ཞལ་སློབ་ཏུ་གྱུར་པ་སྟེ། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ། འཇམ་དབྱངས་བློ་གཏེར་དབང་པོ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། ཀོང་སྤྲུལ་ཡང་སྲིད་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་དང་། པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་ཆེན་གླིང་བླ་སྤྲུལ་སྐུ། མཁན་བསོ་ཆོས། ཨ་བུ་ལྷ་སྒང་། ཀཿཐོག་མཁན་པོ་ནུས་ལྡན་སོགས་རྒྱུ་སྐར་གྱི་ཕྲེང་བ་ལྟར་བྱོན། རྗེ་འདི་ཉིད་ཀྱིས་རྩོམ་པའི་བསྟན་རྒྱུན་བཞག་པ་ལ་ཡང་། ཐོག་མར་དགེ་བ་ལེགས་བྱས་མཐར་ཕྱིན་པར་བྱེད་པའི་ཕྱིར་སྒོ་དང་པོ་ཚོགས་གཉིས་སྤེལ་བ་སྔོན་དུ་འགྲོ་བ་མཆོད་འབུལ་གྱི་ལས་ཆོག་སྐོར་དང་། གཉིས་པ་རྩོམ་པ་དོན་ལྡན་དུ་བྱ་བའི་ཕྱིར་སྒོ་གཉིས་པ་བསྟོད་ཚོགས་ཀྱི་སྐོར། གསུམ་པ་དོན་གཉིས་ཡིད་བཞིན་དུ་འགྲུབ་པར་བྱ་བའི་ཕྱིར་སྒོ་གསུམ་པ་གསོལ་འདེབས་ཞབས་བརྟན་གྱི་སྐོར། བཞི་པ་བར་དུ་དགེ་བ་བཞུང་དོན་གསལ་བར་བྱེད་པའི་ཕྱིར་ཐོག་མར་ཡིད་ཆེས་སྐྱེད་བྱེད་ཆོས་འབྱུང་ལོ་རྒྱུས་ཀྱི་སྐོར། ལྔ་པ་ཐུན་མོང་རིག་པའི་གནས་སྟོན་པར་བྱེད་པ། སྒྲ། སྙན་ངག སྐར་རྩིས་སོགས་ཀྱི་སྐོར། དྲུག་པ་བླང་དོར་གྱི་གནས་གསལ་བར་བྱེད་པ་ཞལ་གདམས་གཏམ་ཚོགས་ཀྱི་སྐོར། བདུན་པ་ཐུན་མོང་གི་ཆོས་བཤད་ཁྲིད་ཡིག་གི་སྐོར། བརྒྱད་པ་ཐུན་མིན་བསྐྱེད་རྫོགས་དང་རྣམ་བཤད་འགྲེལ་ཊིཀ་སྐོར། དགུ་པ་གསུང་ཐོར་བུ་སྣ་ཚོགས་ཀྱི་སྐོར། བཅུ་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་བཅས་སའི་གྲངས་ཀྱི་སྡེ་ཚན་དུ་དྲིལ་ཏེ་གླེགས་བམ་བཅུ་གསུམ་ཡོད་ཅིང་། མཚན་ཐོ་ཞིབ་ཕྲ་དཀར་ཆག་ནོར་བུའི་ཕྲེང་བ་ལས་གསལ་བ་ལྟར་ལགས་སོ།  དེ་ལྟར་རྗེ་འདི་ཉིད་ཀྱིས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་ལྷུར་བླངས་ཏེ། དགུང་གྲངས་ལྔ་བཅུ་རྩ་ལྔ་བཞེས་པའི་མཐར། རབ་བྱུང་བཅོ་ལྔ་པའི་མེ་སྟག་ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་དགོངས་པ་དབྱིངས་ཡེ་ཟུང་འཇུག་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏོ། །ཐུབ་བསྟན་ཉི་མས་གུས་པས་སྦྱར་བའོ།། །།

• Download this text: EPUB MOBI PDF