Nectar Shower of Blessings—Tibetan

Practices › Calling the Guru from Afar | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ། | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།མཁའ་འགྲོ་ཚེ་རིང་ཆོས་སྒྲོན།

English | Español | Français | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Further information:
Download this text:

༄༅། །ཁྱབ་བདག་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས་བྱིན་རླབས་བདུད་རྩིའི་ཆར་འབེབས་བཞུགས། །

 

ཨ་ཧོ།

ཕྱོགས་དུས་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་ཁྱབ་བདག །

ངོ་མཚར་རྣམ་ཐར་བསམ་མི་ཁྱབ་པ་ཡི་འབྱུང་གནས། །

ཡབ་གཅིག་འཇམ་དཔལ་དཔལ་མགོན་བླ་མའི་སྐུར་བཞེངས་པ། །

མཁས་གྲུབ་ཟླ་མེད་མཁྱེན་བརྩེའི་དབང་པོ་དེ་མཁྱེན་ནོ། །

 

རྗེ་དེའི་ཡེ་ཤེས་པད་འབྱུང་བི་མ་ལ་དངོས་སྣང༌། །

ཡོངས་རྫོགས་རྒྱལ་བསྟན་དབང་བསྒྱུར་འཇམ་དཔལ་གྱི་བཤེས་གཉེན། །

སྙིགས་མའི་མུན་སེལ་ཕྲིན་ལས་འཛམ་གླིང་ཀུན་ཁྱབ་བརྡལ། །

འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་དེ་མཁྱེན་ནོ། །

 

ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་ཤེལ་དཀར་བཟའ་དབྱེར་མེད། །

རྡོ་རྗེའི་ཚེ་མཆོག་སྤེལ་བའི་ཕྱག་རྒྱ་རུ་བཞེངས་པས། །

པདྨ་ཡེ་ཤེས་རྡོ་རྗེའི་དགྱེས་སྡེའི་ཚུལ་མཛད་པ། །

མ་གཅིག་ཚེ་རིང་ཆོས་ཀྱི་སྒྲོན་མ་དེ་མཁྱེན་ནོ། །

 

རང་བྱུང་སངས་རྒྱས་པདྨ་བི་ཛ་ཡས་རྗེས་བཟུང༌། །

ཟབ་རྒྱས་བཀའ་གཏེར་རྒྱུད་ལུང་མན་ངག་གི་མཛོད་འཆང༌། །

སྐྱེ་ཀུན་འཇམ་མགོན་དགྱེས་པའི་བཀའ་འབངས་སུ་སྨོན་པ། །

འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དེ་མཁྱེན་ནོ། །

 

མཁྱེན་ནོ་བླ་མ་མཁྱེན་ནོ་བདག་རྒྱུད་ལ་གཟིགས་ཤིག །

དུས་ངན་སྙིགས་མའི་སེམས་ཅན་ལས་ངན་ལ་གོམས་པས། །

ཐར་པའི་གོ་སྐབས་བྲལ་བའི་དམུས་ལོང་བཞིན་གྱུར་པས། །

རེ་ས་གཞན་ལ་མེད་པའི་གདུང་ཤུགས་ཀྱིས་འབོད་དོ། །

 

ཐོག་མེད་གོམས་པའི་འཁྲུལ་སྣང་ལྕགས་གོང་ལས་སྲ་བ། །

ཡང་འཁྲུལ་སྙིགས་མའི་སྤྱོད་པའི་གཡའ་བྲེགས་ཀྱིས་བཏུམས་པ། །

ཆགས་ཐོགས་བྲལ་བའི་བྱིན་གྱིས་སྨན་ཆེན་དུ་བསྒྱུར་ནས། །

བློ་སྣ་ཆོས་ལ་བསྒྱུར་བའི་ཁ་ལོ་པ་མཛོད་ཅིག །

 

ལྟར་སྣང་ངན་སྤྱོད་ས་གཞིའི་རྡུལ་ཕྲན་ལས་མང་ཀྱང༌། །

ཆོས་བཞིན་སྤྱོད་པའི་བསམ་སྦྱོར་གསེར་བཟང་ལས་དཀོན་པས། །

འཁྲུལ་སྣང་རྟོག་པའི་དྲྭ་བ་བཙན་ཐབས་སུ་ཆོད་ལ། །

ཆོས་བཟང་ཐེག་མཆོག་ལམ་ལ་སྤྱོད་ནུས་ཞིག་མཛོད་ཅིག །

 

བསགས་སྦྱང་བྱས་ཚད་ཚེ་འདིའི་ལེགས་པའི་རྒྱུར་དམིགས་ཤིང༌། །

ལྟ་ལོག་ལྟ་ངན་རྗེས་སློབ་ཆོས་བརྒྱད་ཀྱི་འཆིང་ཐག །

བཅད་ནས་རྒྱལ་བ་དགྱེས་པའི་ལམ་མཆོག་ལ་སྦྱོར་བས། །

བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྤྱོད་ནུས་སུ་མཛོད་ཅིག །

 

སྣང་སྤྱོད་ཡེ་ཤེས་ཆེན་པོའི་འཁོར་ལོ་རུ་ཤར་ནས། །

རང་རིག་ཡེ་ཤེས་བླ་མའི་བྱིན་རླབས་ཀྱི་ཉི་མས། །

འཁྲུལ་པ་གཞི་ལ་དག་པའི་བཙན་ས་ཞིག་ཟིན་ནས། །

སྐུ་གསུམ་བླ་མ་མཇལ་བའི་སྐལ་བཟང་ལ་སྦྱོར་མཛོད། །

 

ཅེས་པའང་བསྟན་པའི་སྦྱིན་བདག་ཆེན་པོ་ལ་དཀར་སྲས་སྤྲུལ་སྐུ་བསོད་ནམས་རྒྱལ་མཚན་བཞེད་སྐོང་དུ་བླ་མའི་རྣལ་འབྱོར་དང་མཐུན་པའི་བླ་མ་རྒྱང་འབོད་བྲིས་ཞེས་ཆེད་བསྐུལ་བཞིན་རྒན་པོ་མགོ་དཀར་མངྒ་ལས་ཕ་རན་སི་བྱང་ཤར་མེ་ཏོག་གི་སྐྱེད་ཚལ་དུ་ཉལ་མལ་ནས་བྲིས་པ་དོན་ལྡན་དུ་གྱུར་ཅིག །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept