The Sun of Ambrosial Wisdom—Tibetan

Practices › Guru Yoga | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། | བོད་ཀྱི་བླ་མ།ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

English | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

Further information:
Download this text:

༄༅། །ཆོས་རྗེ་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཡེ་ཤེས་བདུད་རྩིའི་ཉིན་བྱེད་བཞུགས་སོ། །

 

ཕྱི་སྒྲུབ་ནི།

ཨ།    སྣང་སྲིད་རྣམ་དག་འོག་མིན་བདེ་ཆེན་ཞིང་། །

བཀོད་པ་རབ་མཛེས་རང་མདུན་མཆོད་སྤྲིན་དབུས། །

འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །

ཀུན་དགའ་རྒྱལ་མཚན་མཚན་དཔེའི་གཞོན་ཚུལ་མཛེས། །

ངུར་སྨྲིག་ཆོས་གོས་གསུམ་གྱིས་མཛེས་པར་བཀླུབས། །

ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ལས། །

པད་སྡོང་ཟུང་སྟེང་རལ་གྲི་གླེགས་བམ་བསྣམས། །

ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང་། །

དགྱེས་འཛུམ་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །

ཐུགས་ཀའི་དཔལ་བེར་ཡེ་ཤེས་སེམས་དཔའི་ཚུལ། །

འཇམ་དཔལ་གཞོན་ནུ་དམར་སེར་རལ་པོད་ཅན། །

རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་འབུམ་གྱིས་འཁྱུད། །

ལོངས་སྐུའི་ཆས་ཅན་ཐུགས་ཀར་ཟླ་སྟེང་དྷཱིཿ

དམར་སེར་ཉི་མ་བྱེ་བའི་གཟི་བྱིན་འབར། །

འཁོར་དུ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་བཞུགས། །

སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་འཆང་བ། །

དཔལ་ལྡན་བླ་མར་དད་བརྒྱའི་ཕྱག་གིས་འདུད། །

སྣང་སྲིད་ཀུན་བཟང་མཆོད་སྤྲིན་དགྱེས་དགུར་འབུལ། །

མི་ཤེས་སྒྲིབ་པའི་ནོངས་པ་མཐོལ་ལོ་བཤགས། །

འཁོར་འདས་དགེ་ཚོགས་རྒྱ་མཚོར་རྗེས་ཡི་རང་། །

དྲི་མེད་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །

འགྲོ་ཁམས་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས། །

མཁའ་ཁྱབ་ཡིད་ཅན་སྲིད་ཞི་ལས་གྲོལ་ཞིང་། །

རྫོགས་སྨིན་སྦྱངས་མཐར་སོན་པར་མཛད་དུ་གསོལ། །

ཁྱོད་ནི་སྲས་བཅས་རྒྱལ་བ་ཀུན་གྱི་ཡབ། །

གཉིས་མེད་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །

རྣམ་ཐར་བསམ་ཡས་ཕྱོགས་དུས་འདྲེན་པས་བསྔགས། །

ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་འདེབས། །

བདག་གི་སྙིང་དབུས་པདྨའི་གེ་སར་རྩེར། །

དགྱེས་པའི་མཚན་བཟང་མངོན་སུམ་བཀོད་ནས་ཀྱང་། །

མགོན་པོ་ཁྱོད་ཀྱི་རྣམ་ཐར་ཇི་བཞིན་དུ། །

སྤྱོད་ནུས་བྱིན་རླབས་རྟེན་འདིར་བསྩལ་དུ་གསོལ། །

ཞེས་དང་།    ཞལ་གསུང་གསོལ་འདེབས།

 

ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང་། །

འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །

བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །

འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསོལ་བ་ཕུར་ཚུགས་སུ་གདབ།

 

ཆོས་རྗེའི་ཐུགས་ཀར་ཟླ་སྟེང་དྷཱིཿདམར་སེར། །

ཡི་གེ་དྲུག་པ་རྡེ་རྗེ་སྔགས་ཀྱིས་བསྐོར། །

འོད་ཟེར་སྤྲོ་བསྡུས་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །

སངས་རྒྱས་བྱང་སེམས་རྒྱུད་བསྐུལ་མཁྱེན་ནུས་བརྩེའི། །

བྱིན་རླབས་འོད་ཟེར་བསྡུས་ནས་ཐུགས་ཀར་ཐིམ། །

སྐུ་ལས་བསམ་མི་ཁྱབ་པའི་འོད་ཟེར་གྱིས། །

རང་གི་ལུས་གང་ནད་གདོན་སྡིག་སྒྲིབ་དག །

མི་ཤེས་དྲི་སྦྱངས་བདག་མེད་གནས་ལུགས་དོན། །

རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། །

 

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

ཞེས་ཅི་ནུས་བཟླ།    ཐུན་མཐར།

 

བླ་མའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །

དམར་སེར་བདེ་བ་ཆེན་པོའི་རྣམ་པ་བྱུང་། །

སྤྱི་གཙུག་ནས་ཞུགས་ལུས་ཀུན་གང་བ་དང་། །

སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་ཞུགས། །

ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་དག།

བླ་མ་འཇམ་པའི་རྡོ་རྗེའི་གསང་གསུམ་དང་། །

གཉིས་སུ་མེད་པའི་སྐལ་བཟང་མངོན་དུ་གྱུར། །

བླ་མ་འཁོར་བཅས་འོད་ཞུ་རང་ལ་ཐིམ། །

གདོད་ནས་སྐྱེ་འགག་གནས་བྲལ་སེམས་ཀྱི་གཤིས། །

གཉིས་མེད་ཡེ་ཤེས་ཕུང་པོར་འདྲེས་པ་ཡིས། །

དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །

སྣང་སྟོང་སྒྱུ་མའི་སྐུ་ཡིས་ཞིང་ཀུན་ཁྱབ། །

རྣམ་པ་ཐམས་ཅད་ཐེག་གསུམ་ཆོས་སྒྲ་སྒྲོགས། །

མཁྱེན་བརྩེ་ནུས་པ་དཔག་ཡས་འཇམ་མགོན་རྗེའི། །

གསང་བ་གསུམ་གྱི་དཔལ་ལ་སྤྱོད་གྱུར་ཅིག །

 

ཅེས་པའང་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་འབྲོང་པ་སྤྲུལ་སྐུ་ཕྲིན་ལས་ཉི་མ་དང་། །དོ་སྐྱ་སྤྲུལ་སྐུ་ཆོས་ཀྱི་ཉི་མ་རྗེས་སུ་བསྐུལ་བའི་རྐྱེན་གྱིས་ཆོས་རྗེ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཆ་ཙམ་ཐོབ་པའི་འཁོས་ཆུང་གྱི་ན་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བློ་གྲོས་དྲི་མེད་གཟི་བརྗེད་རབ་དགའི་དཔལ་གྱིས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་རྩེ་ཌ་ལིས་དགོན་གྱི་གཙུག་ལག་ཁང་དུ་བྲིས་ཤིང་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །

 

ཕྲིན་ལས་ཉི་མའི་སྐྱ་རེངས་དང་པོས་བསྐུལ། །

ཆོས་ཀྱི་ཉི་མ་འཆར་བའི་རྟེན་འབྲེལ་གྱི། །

ཡེ་ཤེས་ཉི་མའི་བླ་སྒྲུབ་འདི་ཉིད་ཀྱིས། །

རྒྱལ་བསྟན་ཉི་མ་སྒྲིབ་མེད་གསལ་གྱུར་ཅིག །

 

མངྒ་ལཾ།    དགེའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept