The Adamantine Magical Wheel—Tibetan

Guru Rinpoche Prayers | Nyingma Mönlam | Tibetan MastersDodrupchen Jigme Tenpe Nyima

English | བོད་ཡིག

༄༅། །རྒྱལ་དབང་པདྨཱ་ཀ་རའི་ཐུགས་དམ་ཟབ་བསྐུལ་མཐའ་དམག་ཟློག་བྱེད་རྡོ་རྗེའི་འཁྲུལ་འཁོར་བཞུགས་སོ།།

༄༅། །ཨེ་མ་ཧོཿ

ཀ་དག་སྐྱེ་མེད་རྡོ་རྗེའི་ཕོ་བྲང་ནས། །

ལྷུན་གྲུབ་བདེ་བའི་སྐུ་ཅན་པདྨ་འབྱུང། །

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྤྱི་དཔལ་ཆེ། །

གངས་ཅན་བསྟན་འགྲོའི་མགོན་པོ་ད་བཞེངས་ཤིག། །

 

མཐའ་དམག་དམ་སྲིའི་རུ་ཚོན་གཟིངས་པའི་ཚེ། །

རིག་འཛིན་མཁའ་འགྲོའི་གཙོ་མཆོག་པདྨ་འབྱུང། །

ཐུགས་རྗེའི་ཐུགས་དམ་མ་གཡེལ་དུས་ལ་བབ། །

བདུད་འདུལ་གར་དགུའི་གཟི་བྱིན་ད་སྐྱེད་ཅིག །

 

བསྟན་ཞབས་ཀླ་ཀློའི་སྡུད་ལ་རིངས་པའི་ཚེ། །

བདེ་མཆོག་གྲུབ་པའི་དཔའ་བོ་པདྨ་འབྱུང། །

མངོན་སྤྱོད་ལས་ལ་དགྱེས་པའི་དུས་ཡིན་གྱི། །

དཔའ་གཏུམ་རྡོ་རྗེའི་གཟུགས་སྐུ་ད་བཞེངས་ཤིག །

 

བོད་ཁམས་མཐའ་དམག་སྐྱེ་བོས་འཇིགས་པའི་ཚེ།

འཇིགས་མེད་བརྟུལ་ཞུགས་མཆོག་གྲུབ་པདྨ་འབྱུང། །

ཕས་རྒོལ་ལྷག་མར་མཛད་པའི་དུས་ལ་བབ།

དྲག་ཤུལ་རལ་གྲིའི་རྣོ་དབལ་ད་ཕྱུངས་ཤིག །

 

དུས་འཁྲུགས་མཚོན་ཆའི་རུ་འཛིངས་རྔམས་པའི་ཚེ། །

འཇིགས་མཛད་ཧེ་རུ་ཀ་དཔལ་པདྨ་འབྱུང། །

ཁམས་གསུམ་སྟོབས་ཀྱིས་གནོན་པའི་དུས་ལ་བབ། །

བདེ་ཆེན་རྡོ་རྗེའི་མཐུ་ནུས་ད་སྤོར་ཅིག །

 

དབྱིངས་ནས་དག་ཆེན་མཉམས་པའི་ཡེ་ཤེས་ཆེ། །

གཏུམ་རྔམས་ཨ་ལ་ཧ་ལའི་གད་རྒྱངས་དང་། །

ལྷན་ཅིག་ཁྲོ་ལ་ཁྲོས་པའི་སྐུར་སྟོན་ཅིང། །

བདུད་སྲིན་དམ་སྲིའི་སྙིང་ཁྲག་ད་རོལ་ཅིག །

 

མཉམ་ཉིད་ཞི་བ་ཆེན་པོ་ཆོས་སྐུའི་ཐུགས། །

ཁྲག་འཐུང་ཁྲོས་པའི་གཟུགས་སྐུར་མངོན་བཞེངས་ལ། །

མཐའ་དམག་དུས་ཀྱི་འཁྲུགས་རྩོད་ཞི་བ་དང། །

བོད་ཁམས་བདེ་ལ་འགོད་པའི་ཕྲིན་ལས་མཛོད། །

ཅེས་པའང་མཐའ་དམག་དུ་རུ་ཀའི་བྱ་མ་རྟ་ཁྲག་མཚོས་ནམ་མཁའི་བཞིན་རས་བྱུག་པའི་ཚེ། སྤྲང་མྱོན་འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་ཀླ་ཀློའི་འདུན་གྲོས་འཇིག་པའི་ཐོ་ལུམ་དུ་གྱུར་ཅིག། ཅེས་བོད་ཡུལ་དུས་མཐའི་སྐྱབས་གཅིག་ནོར་འཁྲུལ་མེད་པ་འདི་ལྟ་བུ་ལ་སྙིང་ནས་གསོལ་འདེབས་ཀྱི་ཁ་ཏོན་དུ་བགྱིས་ན་ཅི་མ་རུང་སྙམས་པས་སྤར་འགྲེམ་ཞུ་བ་པོ་རྙིང་སྔགས་དིལ་མགོ་མཁྱེན་སྤྲུལ་གྱིས་ཞུས་པ་ཤྲཱི་བི་ཛ་ཡནྟུ།། །།

 

• Download this text: EPUB MOBI PDF