Prayer to Recognize Own Faults—Tibetan

Practices › Confession | Practices › Prayers | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

བདུད་འཇོམས་རིན་པོ་ཆེ།

Further information:
Download this text:

༄༅། །རང་སྐྱོན་ངོ་ཤེས་སྐྱབས་རྗེས་དྲན་གྱི་གསོལ་འདེབས་ནོངས་བཤགས་སྨོན་ལམ་ཡང་དག་བླང་དོར་གསལ་འདེབས་ཞེས་བྱ་བ་བཞུགས་སོ།།

 

ན་མོ་གུ་རུ་ཝེ།

བསྐལ་བཟང་ཞིང་གི་འདྲེན་མཆོག་ཤཱཀྱའི་རྒྱལ། །

རྒྱལ་སྲས་བྱང་སེམས་འགྲོ་འདུལ་འཕགས་པའི་ཚོགས། །

སྙིགས་འགྲོའི་སྐྱོབ་པ་མཚུངས་མེད་གུ་རུ་རྗེ། །

རྩ་གསུམ་ཆོས་སྐྱོང་དམ་ཅན་ཚོགས་བཅས་ལ། །

རྩེ་གཅིག་སྙིང་ནས་དྲན་པའི་གདུང་ཡུས་ཀྱིས། །

ཡང་ཡང་གསོལ་འདེབས་ཐུགས་དམ་བསྐུལ་ལགས་ན། །

བརྩེ་བས་རྗེས་བཟུང་ཐོགས་མེད་ཐུགས་རྗེའི་མཐུས། །

བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །

སྔོན་ལས་མ་ཞན་མི་ལུས་རིན་ཆེན་ཐོབ། །

བསོད་ནམས་མ་ཆུང་དམ་པའི་ཆོས་དང་མཇལ། །

བླ་མས་རྗེས་བཟུང་དབང་བྱིན་གདམས་ངག་ཐོབ། །

ནོར་བུ་རང་ལག་རྙེད་པའི་དུས་བྱུང་ཡང་། །

ཅོལ་ཆུང་སྤྲེའུ་འདྲ་བའི་རང་སེམས་འདི། །

རྣམ་གཡེང་བསླུ་བྲིད་འགོང་པོའི་དབང་སོང་ནས། །

རང་ནོར་རང་བདག་ཉམས་ལེན་མ་ནུས་ཏེ། །

དལ་འབྱོར་གདམས་ངག་ཆབ་གཅིག་ཆུད་ཟོས་ཤོར། །

ད་ལྟ་དོན་ཆེན་འགག་ལ་ཐུག་ཉེ་དུས། །

ཞུས་ཚད་ཐོབ་ཚད་གནའ་བོའི་སྒྲུང་གཏམ་འདྲ། །

ལུས་འདི་ཆོས་གཟུགས་ཆོས་པ་ཡིན་རློམ་ཡང་། །

སེམས་འདིས་ཡང་དག་ཆོས་པའི་རྗེས་མ་ཟིན། །

ལྷ་ཆོས་ལྟ་ཅི་མི་ཆོས་དྲིས་མ་གོས། །

མི་ཆོས་གཙང་མ་བཅུ་དྲུག་གོ་ཡུལ་ཙམ། །

རང་ལྟོས་སྤྱོད་ངན་སྤྱད་ལ་ངོ་ཚ་བྲལ། །

གཞན་ལྟོས་ཁྲེལ་གཞུང་ཕྱི་ཐག་བྲ་བའི་མཇུག །

ལྷ་ཆོས་དགེ་བཅུ་ཡང་དག་རྔོ་མ་ཐོགས། །

སྟོན་པ་གཅིག་གི་བསྟན་ལ་ཕྱོགས་ཞན་གྱིས། །

ཆོས་དང་དམ་པར་སྐུར་འདེབས་ལས་ངན་བསགས། །

ཆོས་ལ་བརྟེན་ནས་སྡིག་པའི་ཁུར་ཆེན་ཁྱེར། །

ཐོས་པ་ཆེ་བཞིན་རང་མཐོང་ང་རྒྱལ་ཆེ། །

བསམ་པས་དཔྱད་དོན་གོ་བའི་གཏིང་མ་དཔོགས། །

སོ་ཐར་ཚུལ་ཁྲིམས་བསྲུང་བར་རློམ་ན་ཡང་། །

དགེ་སྦྱོང་ཆོས་བཞི་གར་སོང་ཆ་མེད་སྟོར། །

བྱང་སེམས་བསླབ་ནོར་ལྡན་པར་རློམ་ན་ཡང་། །

ཚད་མེད་རྣམ་བཞི་རི་མོའི་མར་མེ་འདྲ། །

གསང་སྔགས་དམ་ཚིག་བསྲུང་བར་རློམ་ན་ཡང་། །

རྩ་ལྟུང་དང་པོར་རྩི་མེད་སྣང་ཆུང་ཤོར། །

བློ་ལྡོག་རྣམ་བཞི་ཁ་ནས་བཤད་ཤེས་ཀྱང་། །

དོན་ལ་ལྡོག་མིན་འདིར་སྣང་ཞེན་པས་སྟོན། །

བླ་མ་བསྟེན་བཞིན་མོས་གུས་རིམ་གྱིས་བྲི། །

དག་སྣང་ཚབས་སུ་མཉམ་འགྲོགས་ལོག་པར་མཐོང་། །

རྡོ་རྗེ་སྤུན་ལ་བརྩེ་གདུང་བཀུར་སེམས་ཞན། །

ཚིག་ངན་ཙམ་ཡང་མི་ཟད་དམོད་ཆར་འབེབས། །

འགྲོ་དྲུག་ཕ་མར་ཤེས་པའི་བྱམས་སྙིང་རྗེ། །

བྱང་སེམས་གཏིང་ནས་མ་འབྱོངས་ན་བུན་བཞིན། །

བསྐྱེད་རྫོགས་ལམ་ལ་ཉམས་ལེན་བྱས་ཁུལ་ཀྱང་། །

ཐ་མལ་འཁྲུལ་འབྱམས་འདི་ལ་གླགས་མ་རྙེད། །

མདོ་སྔགས་ཆོས་ཕུག་སྟོང་ཉིད་ངོ་ཤེས་ཀྱང་། །

སྟོང་གོ་མ་ཆོད་རང་རྒྱུད་རྭ་ལྟར་གྱོང་། །

གནས་ལུགས་སྒོམ་གྱི་རང་ཚུགས་མ་ཟིན་པར། །

ཁ་ཁྱེར་ལྟ་བས་རྒྱུ་འབྲས་རླུང་ལ་བསྐུར། །

ཕྱི་ལྟར་ཚུལ་འཆོས་སྤྱོད་ལམ་བཟང་ན་ཡང་། །

ནང་དུ་ཆགས་སྲེད་འདོད་རྔམས་མེ་ལྟར་འབར། །

ལུས་འདི་དབེན་པའི་རི་ལ་གནས་ཁུལ་ཀྱང་། །

སེམས་འདིས་ཉིན་མཚན་བར་མེད་གྲོང་ཡུལ་འགྲིམས། །

རང་མགོ་ཐོན་པའི་གདིང་ཚད་མ་ལོངས་བཞིན། །

གཞན་མགོ་འདོན་པའི་བསམ་སྦྱོར་བྱིས་པའི་སྒྲུང་། །

དཀོན་མཆོག་ཐུགས་རྗེས་བསླུ་མི་སྲིད་ཀྱང་། །

མོས་གུས་ཞན་པས་རང་གིས་རང་བསླུས་དོགས། །

འདི་ལྟར་དམ་པའི་ཆོས་དང་བླ་མ་ལ། །

ཡིད་མ་ཆེས་པའི་ལོག་ལྟ་མེད་མོད་ཀྱང་། །

དུས་ངན་སེམས་ཅན་ལས་ངན་ཁ་མ་གང་། །

གོ་བཞིན་ཤེས་བཞིན་བག་མེད་དབང་དུ་ཤོར། །

དྲན་ཤེས་བྱ་ར་མ་ཐོང་གྱོང་ཆེན་བརྡབ། །

ད་ལྟ་རང་བློས་རང་ལ་དཔྱད་ཉིན་མོ། །

བྱས་ཚད་ཐམས་ཅད་འཁྲུལ་པའི་ཁ་སྣོན་སོང་། །

བསམ་ཚད་ཐམས་ཅད་ཉོན་མོངས་འཛིན་པར་སོང་། །

དགེ་བའང་སྡིག་པས་མ་བསླད་མེད་མཐོང་བས། །

མཐར་ཐུག་འགྲོ་ས་ངན་སོང་ལས་གཞན་ཅི། །

དེ་ལྟར་རང་གི་སྤྱོད་ཚུལ་བྱ་བཞག་རྣམས། །

དྲན་ནས་རང་གིས་རང་ལ་ཡི་ཆད་ཅིང་། །

གཞན་ལ་བལྟས་ཀྱང་ཡི་མུག་ཁ་སྣོན་ལས། །

ཕན་གྲོགས་བློ་བག་ཕབ་མཁན་སུ་མ་བྱུང་། །

ད་ནི་རང་མགོ་རང་གིས་མ་བཏོན་ན། །

གཤིན་རྗེའི་ཕོ་ཉའི་ལག་ཏུ་ཚུད་ཟིན་དུས། །

གཞན་པ་སུས་ཀྱང་སྐྱོབ་པའི་རེ་བ་ཟད། །

རེ་སྟོང་བསྒུག་པས་བསླུས་པ་མ་ཚོར་རམ། །

དེས་ན་རང་སྐྱོན་ངོས་ཟིན་གནོང་འགྱོད་ཀྱིས། །

ཆོས་འགལ་ཉེས་ལྟུང་ཉམས་ཆག་ཅི་མཆིས་པ། །

མི་འཆབ་མི་སྦེད་ཡེ་ཤེས་སྤྱན་ལྡན་དྲུང་། །

སྙིང་ནས་བཤགས་སོ་བརྩེ་བས་བཟོད་བཞེས་ལ། །

ལམ་ལོག་གཡང་སའི་འཇིགས་ལས་བསྐྱབ་ནས་ཀྱང་། །

ཡང་དག་ཐར་ལམ་ཟིན་པར་དབུགས་དབྱུང་གསོལ། །

བྱས་བྱས་བསྒྲུབ་བསྒྲུབ་མི་ཚེ་བསྐྱལ་ན་ཡང་། །

དོན་སྙིང་ལག་ཏུ་ལོན་པ་གཅིག་མ་བྱུང་། །

ད་ནི་ཀུན་ཤེས་གཅིག་སྡུག་ལམ་བོར་ནས། །

གཅིག་ཤེས་ཀུན་གྲོལ་ལམ་ལ་ཅིས་མི་འཇུག །

མི་བསླུ་ངེས་པའི་རེ་ལྟོས་གཅིག་ཆོག་མགོན། །

རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ལ། །

རྩེ་གཅིག་གུས་པས་གསོལ་བ་འདེབས་ལགས་ན། །

ཐུགས་རྗེས་གཟིགས་ཤིག་སྐྱབས་མཆོག་དྲིན་ཆེན་རྗེ། །

རང་སྐྱོན་རང་གིས་མཐོང་བར་བྱིན་གྱིས་རློབས། །

གཞན་སྐྱོན་བལྟ་འདོད་མེད་པར་བྱིན་གྱིས་རློབས། །

བསམ་ངན་གདུག་རྩུབ་ཞི་བར་བྱིན་གྱིས་རློབས། །

བསམ་བཟང་ཁོངས་ནས་འཆར་བར་བྱིན་གྱིས་རློབས། །

འདོད་ཆུང་ཆོག་ཤེས་ལྡན་པར་བྱིན་གྱིས་རློབས། །

ནམ་འཆི་ཆ་མེད་དྲན་པར་བྱིན་གྱིས་རློབས། །

འཆི་དུས་བློ་ལྷག་མེད་པར་བྱིན་གྱིས་རློབས། །

ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །

དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །

བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །

ལོངས་མེད་བློ་སྣ་ཐུང་བར་བྱིན་གྱིས་རློབས། །

བློ་ཕུག་ཆོས་ལ་གཏད་ནུས་བྱིན་གྱིས་རློབས། །

ཆོས་ཕུག་སྒྲུབ་ལ་བརྩོན་ནུས་བྱིན་གྱིས་རློབས། །

སྒྲུབ་ཕུག་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས། །

སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །

སྒྲུབ་འབྲས་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །

འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །

རེ་དོགས་གཉིས་འཛིན་ཞིག་པར་བྱིན་གྱིས་རློབས། །

གཉིས་མེད་ཡེ་ཤེས་མཐོང་བར་བྱིན་གྱིས་རློབས། །

ཡེ་ཤེས་རང་ངོ་ཤེས་པར་བྱིན་གྱིས་རློབས། །

རང་ཐོག་བཙན་ས་ཟིན་པར་བྱིན་གྱིས་རློབས། །

རྩོལ་མེད་གདིང་ཆེན་ཐོབ་པར་བྱིན་གྱིས་རློབས། །

ཡེ་གནས་ཡེ་ཤེས་རྡོ་རྗེའི་མཚོན་ཆེན་གྱིས། །

འཁོར་འདས་སྟོང་སྲོག་དུས་གཅིག་བཅད་ནས་ཀྱང་། །

མ་འགག་བདེ་ཆེན་སྙེམས་མའི་དགའ་སྟོན་ལ། །

འདུ་འབྲལ་མེད་པར་སྤྱོད་པས་རྟག་རྩེན་ཤོག །

མཉམ་བརྡལ་ཀློང་ན་སྡུག་བསྔལ་མིང་ཙམ་མེད། །

དེས་ན་བདེ་བ་འཚོལ་མཁན་སུ་ཞིག་མཆིས། །

བདེ་སྡུག་རོ་མཉམ་འཛིན་མེད་རང་གྲོལ་གྱི། །

ཀུན་བཟང་རྒྱལ་སྲིད་ཚེ་འདིར་ཐོབ་པར་ཤོག །

དེ་ལྟར་གསོལ་འདེབས་ནོངས་བཤགས་སྨོན་ལམ་སྦྲེལ་མ་འདི་ཉིད་ཆུ་ཕག་སྨིན་ཟླའི་ཡར་ཚེས་ཡི་དགོང་མོར་རང་གི་ཐབས་གྲོགས་ཤེས་རབ་མ་རིག་འཛིན་དབང་མོའི་རྨི་ལམ་དུ་རྒྱུན་ལྡན་འགྲོགས་པའི་བོ་མོ་ཞིག་ཡོད་པ་དེ་བྱུང་ནས། ད་ཁྱེད་ཀྱིས་རིན་པོ་ཆེ་ལ་གསོལ་འདེབས་ཤིག་འབྲི་རོགས་ཞུས་ཡ་ཟེར་ནས་སོང་བ་དང། ཡང་དེ་རྗེས་སྨིན་ཟླའི་ཚེས་བཅུའི་ནུབ་བུ་མོ་དེ་བྱུང་ནས་ཁྱེད་ཀྱིས་ད་དུང་ཡང་གསོལ་འདེབས་འབྲི་རོགས་མ་ཞུས་པ་ཨེ་ཡིན་ཟེར་ནས་སོང་བ་རྨིས་འདུག་པ་ཕྱིར་ཉིན་འཕྲོས་པ་བྱུང་བར།

ངས་གསོལ་བ་འདེབས་མཁན་མེད་པས་ཤོལ་འདུག་པ་མ་གཏོགས་གསོལ་འདེབས་འདོན་རྒྱུ་མེད་པས་ཤོལ་མི་འདུག་སྨྲས་པས། ད་མང་ཉུང་རྒྱས་བསྡུས་ལ་མ་ལྟོས་པའི་གསོལ་འདེབས་ཁྱུག་ཙམ་ཞིག་བྲིས་ཞེས་བསྐུལ་བ་བཞིན།

དུས་སྐབས་འདིར་ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་སྐྱོབ་པའི་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་ཤིག་འབྲི་དགོས་པ་འདྲ་སྙམ་དུ་འབྲི་འདུན་ཁོ་ནའི་ངང་འགྲོ་འདུག་བྲེལ་བས་གཡེང་སྟེ་རིམ་ལུས་སུ་གྱུར།

ཡང་དེ་རྗེས་རྒྱལ་ཟླའི་ཚེས་བཅུའི་ནུབ་བུ་མོ་དེ་སྔར་བཞིན་བྱུང་ནས་ངས་ཞུས་པའི་གསོལ་འདེབས་དེ་སྣང་ཆུང་དུ་མ་འཇོག །དགོས་པ་ཆེན་པོ་ཡོད། ཅེས་ཟེར་བ་རྨིས་འདུག་པ་ལ་བརྟེན་དེའི་ཚེས་བཅོ་ལྔའི་ཉིན་འགོ་བརྩམས་ཏེ་འབྲི་བར་བསམ་ནས་ཚེས་བཅུ་བཞིའི་དགོང་མོ་གུ་རུ་རིན་པོ་ཆེར་གསོལ་བརྩེ་གཅིག་ཏུ་བཏབ་ནས་བརྩམ་པ་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ་ཅེས་སྨོན་བཞིན་དུ་ཉལ་བ་ན།

དེའི་ཐོ་རངས་སྐབས་སུ་རང་གི་རྨི་ལམ་ལ་ངེད་རང་ལྷ་ཁང་ལྟ་བུ་ཁང་པ་ཆེན་པོ་ཞིག་གི་ཕུག་ན་བསྡད་འདུག དེར་གང་ནས་བྱུང་ཆ་མེད་པར་མི་དཀར་ན་གཞོན་གོས་དཀར་གྱོན་པ་སྐྲ་སིལ་བུ་གྲོལ་བ་ཅན་ཞིག་གི་ལག་ཏུ་རོལ་མོ་ཤིན་ཏུ་སྐད་སྙན་པ་ཅན་ཞིག་འཁྲོལ་བཞིན་དུ་གིང་འཆམས་དགའ་བ་གཡས་འཁྱིལ་ལྟ་བུ་ཞིག་འཁྲབ་བཞིན་སྒོའི་ནང་ནས་ཚུར་ཚུར་ཡོང་སྟེ།

བསྟན་པ་འཛུག་ན་རང་གི་སེམས་ལ་ཚུགས། །
སེམས་ཀྱི་གཏིང་ནས་སངས་རྒྱས་རྙེད་ཡོང་ངོ་། །
ཞིང་ཁམས་ཉུལ་ན་ཐ་མལ་འཁྲུལ་ཞེན་སྦྱོང་། །
རྣམ་དག་ཞིང་ཁམས་སྐྱིད་པོ་འགྲམ་ན་ཡོད། །
བསྟན་པའི་སྙིང་པོ་སྒྲུབ་ལ་བརྩོན་འགྲུས་བསྐྱེད། །
སྒྲུབ་པ་མ་བྱས་གྲུབ་པ་སུ་ཡིས་ཐོབ། །
རང་སྐྱོན་ངན་པ་རང་གིས་མཐོང་བར་དཀའ། །
རང་སྐྱོན་ཐེར་འདོན་གདམས་པའི་གནད་གཅིག་ཡིན། །
ནམ་ཞིག་སྐྱོན་གྱི་ཆ་རྣམས་སངས་རིམ་བཞིན། །
ཡོན་ཏན་ཆ་ཤས་འཕེལ་ཞིང་རྒྱས་པར་འགྱུར། །

 

ཞེས་ཚིག་མཚམས་སུ་རོལ་མོ་ཐིང་གང་འཁྲོལ་བཞིན་པའི་རྗེས་ལ་ཤུགས་དྲག་པོས་རོལ་བརྡེག་བྱས་སོང་བའི་རྐྱེན་གྱིས་གཉིད་སད། སད་མ་ཐག་ཚིག་རྣམས་བརྗེད་མི་འདུག་ཅིང་བརྗོད་དོན་བླང་དོར་བསླབ་བྱའི་བཀའ་སློབ་ཡིན་པར་ཤེས་ཏེ་ཕ་གཅིག་གུ་རུའི་ཞལ་དངོས་སུ་མཇལ་ཡང་ཞལ་མ་འཚོ་བས་འགྱོད་པས་གདུང་བཞིན་རྙིང་མའི་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ཉམས་དང་སྦྱར་ཏེ་བྲིས་པ་དོན་ལྡན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept