Offering and Prayer to Mahākāla—Tibetan

Deities › Dharma Protectors | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Mahākāla (Vajra Pañjaranātha)

༄༅།  །ནག་པོ་ཆེན་པོ་ལྕམ་དྲལ་ལ་མཆོད་གསོལ་བསྡུས་པ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།  །

 

ན་མཿཤྲཱི་མ་ཧཱ་ཀཱ་ལ་ཡེ།

རྡོ་རྗེ་ནག་པོ་ཆེན་པོ་འཁོར་བཅས་ལ་མཆོད་གཏོར་ཤིན་ཏུ་བསྡུས་པ་འབུལ་བར་འདོད་པས་མཆོད་གཏོར་ཅི་འབྱོར་པ་གཤམས་ལ།

ཨོཾ་ལས་རབ་ཡངས་ཀ་པཱ་ལ་ཡི་སྣོད། །

ཨཱཿལས་ཤ་ལྔ་བདུད་རྩི་ལྔ་པོ་རྣམས། །

ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར། །

ཧ་ཧོ་ཧྲཱིཿཡིས་ནམ་མཁའ་མཉམ་པར་སྤེལ།

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ

ལན་གསུམ།

ཧཱུྃ། འོག་མིན་གནས་དང་རྒྱ་གར་རྡོ་རྗེ་གདན། །

བསིལ་བ་ཚལ་སོགས་གནས་ཡུལ་དུར་ཁྲོད་ནས། །

བསྟན་སྲུང་གཙོ་བོ་རྡོ་རྗེ་གུར་གྱི་མགོན། །

ཨེ་ཀ་ཛཱ་ཊི་དཔལ་ལྡན་ལྷ་མོ་དང༌། །

ཞིང་སྐྱོང་དབང་ཕྱུག་གནོད་སྦྱིན་ཡབ་དང་ཡུམ། །

པུ་ཏྲ་བྷ་ཏྲ་སྲིང་མོ་དུར་ཁྲོད་བདག །

གནོད་སྦྱིན་ལྕམ་སྲིང་ལ་སོགས་རྒྱུད་གསུམ་གྱི། །

སྲུང་མ་དམ་ཅན་རྒྱ་མཚོ་འཁོར་བཅས་རྣམས། །

དམ་རྫས་བདུད་རྩིའི་མཆོད་གཏོར་ཆེན་པོ་དང༌། །

དགྱེས་པའི་སྤྱན་གཟིགས་ཐུགས་དམ་བསྐང་བའི་རྫས། །

ས་དང་ནམ་མཁའ་བར་སྣང་ཁྱབ་པ་འདི། །

དགྱེས་པར་བཞེས་ལ་རྒྱལ་བསྟན་རིན་པོ་ཆེ། །

མི་ནུབ་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །

དེ་ལ་འཁུ་བའི་ལྷ་མིན་ཀླ་ཀློའི་ཚོགས། །

རྩྭ་སྦུར་མེ་བཞིན་ཐལ་བའི་རྡུལ་དུ་རློག །

མྱུར་དུ་རྩད་ནས་འཇོམས་པར་མཛད་དུ་གསོལ། །

རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །

བུ་གཅིག་མ་བཞིན་བརྩེ་བས་སྐྱོང་བ་དང༌། །

གང་བསམ་ཐམས་ཅད་འབད་མེད་མྱུར་དུ་འགྲུབ། །

འདི་ཕྱི་བར་དོ་ཀུན་ཏུ་སྲུང་སྐྱོབས་མཛོད། །

རང་རིག་དཔལ་ལྡན་བླ་མ་ནག་པོ་ཆེའི། །

རང་ཞལ་མཇལ་ཏེ་རྡོ་རྗེ་འཆང་གི་སར། །

མྱུར་དུ་བགྲོད་ནས་འགྲོ་རྣམས་སྒྲོལ་ནུས་པའི། །

མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྲིན་ལས་མཛོད། །

 

ཅེས་པའང་ལྭ་སྲས་བསོད་རྒྱལ། མགོན་པོ་ཚེ་བརྟན། གསོལ་དཔོན་བཀྲ་རྣམ་བཅས་པས་ལྷ་རེག་བཅས་བསྐུལ་བའི་ངོར། ཆོས་ཀྱི་བློ་གྲོས་པས་དཔལ་ས་སྐྱའི་སྒོ་རུམ་ཡེ་ཤེས་མགོན་པོ་མངོན་སུམ་བཞུགས་པའི་མདུན་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག མངྒ་ལཾ།།  །།

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept