Turning Back the Misfortunes of the Age of Degeneration—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

༄༅། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དུས་ངན་སྙིགས་མའི་རྐྱེན་བཟློག་ཅེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ།

རབ་འབྱམས་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་མཆོག །

རྩ་གསུམ་རབ་འབྱམས་རྒྱ་མཚོ་སྤྲོ་ཞིང་བསྡུ། །

དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་རིན་པོ་ཆེ། །

སྙིགས་མ་ལྔ་བདོའི་འགྲོ་ལ་ཐུགས་རྗེས་གཟིགས། །

 

ཁྱོད་ཀྱི་སྐུ་ཡི་རྣམ་འཕྲུལ་བསམ་མི་ཁྱབ། །

ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་བརྒྱད་དང༌། །

རྣམ་འཕྲུལ་བཅུ་གཉིས་འཕྲུལ་མཚན་བཞི་བཅུ་སོགས། །

གང་འདུལ་མཚན་དང་ཕྲིན་ལས་མཐའ་ཡས་སྟོན། །

 

ཁྱད་པར་སྙིགས་དུས་རྒྱ་འདྲེ་འགོང་པོ་དང༌། །

དམ་སྲི་འབྱུང་པོ་འདུལ་བའི་གཤེད་ཆེན་པོ། །

འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །

གུ་རུ་རྡོ་རྗེ་དྲག་པོ་རྩལ་ལ་འདུད། །

 

མཐུ་སྟོབས་དུས་མཐའི་བསྐལ་མེའི་ཞུགས་ལྟར་རྣོ། །

མ་རུང་ལོག་འདྲེན་བདུད་སྡེའི་ཀླད་འགེམ་ཞིང༌། །

ལྷ་མིན་ཀླ་ཀློའི་དཔུང་ཚོགས་ཕྱེ་མར་འཐག །

འཇོམས་བྱེད་རྡོ་རྗེ་སྲིན་པོར་ཕྱག་འཚལ་བསྟོད། །

 

དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །

ལྔ་བརྒྱ་མཐའ་མར་ལྷག་པའི་བསྟན་དང་འགྲོར། །

གུ་རུའི་མཁྱེན་པའི་སྤྱན་གྱིས་བཙའ་བ་དང༌། །

བྱམས་པའི་ཕྱག་གིས་དྲངས་པར་མཛད་དུ་གསོལ། །

འཇིག་རྟེན་པ་ཀུན་ཡང་དག་ལྟ་ལ་གནས། །

དུས་ཀྱི་རྒུད་པ་ཉེ་བར་ཞི་བ་དང༌། །

བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཅིང༌། །

བྱམས་པའི་སེམས་དང་ལྡན་པར་མཛད་དུ་གསོལ། །

 

རྒྱལ་བའི་བསྟན་པ་རིན་ཆེན་སྒྲོན་མེ་འབར། །

བསྟན་པ་འཛིན་རྣམས་འཆི་མེད་ལང་ཚོ་བརྙེས། །

དགེ་འདུན་མི་ཕྱེད་རོལ་མཚོ་ལྟར་རྒྱས་ཤིང༌། །

སྤངས་ཀློག་མཛད་ཕྲིན་རྒྱས་པར་མཛད་དུ་གསོལ། །

 

ཁྱད་པར་བསྟན་འགྲོའི་བདེ་སྐྱིད་པད་མོ་ལ། །

གནོད་པའི་ལྷ་མིན་བ་མོའི་ཚོགས་མཐའ་དག །

ཁྱོད་ཀྱི་ཐུགས་རྗེའི་ཚ་ཟེར་རེག་པའི་མོད། །

ནུས་མེད་མྱུར་དུ་ཞི་བར་བྱིན་གྱིས་རློབས། །

 

བདག་ཅག་གུ་རུའི་རྗེས་སུ་འཇུག་པ་རྣམས། །

ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང༌། །

ཞབས་སྟེགས་ཆུ་སྐྱེས་སྤྱི་བོར་བཀོད་པ་དང༌། །

གསང་གསུམ་བྱིན་རླབས་སྙིང་དབུས་སིམ་གྱུར་ཅིག །

 

ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌། །

ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་འཕེལ། །

ཆོས་བཞིན་སྤྱོད་བའི་བྱ་བས་དུས་འདའ་ཞིང༌། །

བཤད་སྒྲུབ་ཕྲིན་ལས་འཕེལ་བའི་བཀྲ་ཤིས་ཤོག །

 

ཅེས་པའང་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་གྱི་ཚོགས་ཁང་ཆེན་པོར་བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་སྟོན་ལ་ལོངས་སྤྱོད་པའི་སྐབས་པདྨ་ཡེ་ཤེས་རྡོ་རྗེའམ། ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept