A Yogi’s Song of Happiness—Tibetan

Literary Genres › Songs and Poems | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས།

English | 中文 | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

༄༅། །རྣལ་འབྱོར་སྐྱིད་པའི་ཉམས་གླུ་བཀྲ་ཤིས་དོན་ཀུན་གྲུབ་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།།

 

ཚེ་རབས་ལས་ཀྱི་ཕྲེང་བར་སྤྱི་གཙུག་གི་རྒྱན་དུ། །

འབྲལ་མེད་ལས་སྨོན་དཀར་པོས་མེ་ཏོག་གིས་བཅིང་བའི། །

མཚུངས་མེད་དྲིན་ཆེན་བླ་མ་ཡིད་བཞིན་གྱི་ནོར་བུ། །

མཚན་གྱིས་བརྗོད་དཀའ་ཐུབ་བསྟན་ཆོས་འཕེལ་དེ་མཁྱེན་ནོ། །

 

སྙིང་དབུས་མི་ཤིགས་འཁོར་ལོའི་གུར་ཁང་གི་དབུས་སུ། །

འབྲལ་མེད་དད་གསུམ་བདུད་རྩིས་མཆོད་སྤྲིན་གྱིས་བསྙེན་པའི། །

རིགས་བརྒྱའི་ཁྱབ་བདག་མི་ཕམ་བློ་གྲོས་ནི་དྲི་མེད། །

གཟུངས་སྤོབས་ཡོན་ཏན་བྱེ་བའི་གཏེར་མཛོད་ཁྱེད་མཁྱེན་ནོ། །

 

དེ་རང་དགའ་འོ་སྐྱིད་དོ་བླ་མའི་ཐུགས་རྗེས། །

བསམ་དོན་དམ་ཆོས་འདུན་མ་ཡིད་བཞིན་དུ་འགྲུབ་ནས། །

རྒས་པའི་ལུས་འདི་གར་ལ་འཁྱོལ་ཐབས་ཤིགས་མེད་ཀྱང་། །

སྐྱིད་པའི་གླུ་ཆུང་མལ་ནས་ཐོལ་བྱུང་དུ་འགུགས་འདོད། །

 

རིགས་དྲུག་འཁོར་བའི་གནས་ན་སྐྱིད་སྡུག་གི་ལས་སྣང་། །

དཀར་ནག་སོས་ཀའི་སྤྲིན་བཞིན་རྟག་བརྟན་ཞིག་མེད་ཀྱང་། །

ང་ཅག་དམ་ཆོས་སྤྱོད་པའི་སྐལ་བཟང་གི་སྐྱེ་བོ། །

བདེ་ནས་བདེ་བར་འགྲོ་ཕྱིར་སྐྱིད་པོ་རུ་འདུག་གོ །

 

ལས་སྨོན་ཁུ་བྱུག་བུ་མོས་གླུ་དབྱངས་ཀྱིས་བསྐུལ་ནས། །

ཆུང་ནས་ཐུབ་བསྟན་ནགས་མའི་སྐྱེས་ཚལ་ལ་ཕེབས་ཏེ། །

ཐེག་མཆོག་བདུད་རྩིའི་ཟེགས་མའི་བཅུད་ལེན་ལ་རོལ་བས། །

ཐོགས་མའི་རྟེན་འབྲེལ་དམ་པའི་ཆོས་ཕྱོགས་ལ་འགྲིགས་སོང་། །

 

སྔོན་བྱོན་དམ་པའི་རྣམ་ཐར་ཡིད་ཡུལ་ལ་བཅིང་སྟེ། །

མཚུངས་མེད་བླ་མ་དམ་པའི་ཞལ་གསུང་ལ་ཉན་ནས། །

སྟོན་འཁོར་ཉམས་དགའ་འཛོམས་པ་ད་ལྟ་ཡང་དྲན་ན། །

ལུས་སེམས་སྡོད་མི་ཚུགས་པའི་དགའ་སྤྲོ་ཞིག་འདུག་པ། །

 

སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བླ་མ་ནི་རྗེ་ཡི། །

ཐུགས་རྗེ་ན་བཟའ་དཀར་པོའི་གྲྭ་མཐའ་ལ་འཇུས་ནས། །

ནམ་ཡང་འབྲལ་བ་མེད་པའི་སྨོན་ལམ་ཞིག་བཏབ་ཡོད། །

ད་ནི་ཇི་ལྟར་བྱས་ཀྱང་སྐྱིད་པོ་རུ་འདུག་གོ །

 

ཕ་མེས་རིག་འཛིན་བརྒྱུད་པའི་ཐུགས་དམ་ཀྱི་སྐྱེལ་སོ། །

འཇའ་ལུས་ཆོས་སྐུ་གྲུབ་པའི་ཐེག་རྩེ་ཡི་ཆོས་ཚུལ། །

འདི་དང་འཕྲད་ཚད་སྲིད་པ་ཐ་མ་རུ་ངེས་པས། །

བློ་ཕུགས་ཁོང་ལ་བཅོལ་བའི་རྣལ་འབྱོར་ང་སྐྱིད་པ། །

 

རིགས་ཀུན་ཁྱབ་བདག་མི་ཕམ་བློ་གྲོས་ནི་དྲི་མེད། །

མོས་གུས་དད་པའི་ཡིད་མཁར་འབྲལ་མེད་དུ་བསྙེན་པས། །

རིག་སྟོང་གཉུག་མ་རྡོ་རྗེའི་རང་ཚུགས་ཤིག་ཟིན་ཏེ། །

ཡིད་དཔྱོད་བཅོས་མའི་ལྟ་སྒོམ་ཡིད་ཡུལ་ནས་བོར་སོང་། །

 

སྡུག་འབད་ཨུ་ཚུགས་བརྩོན་པའི་དཔེ་ཀློག་ལ་མ་ལྟོས། །

གཟུང་འཛིན་སེམས་ཀྱི་འདུད་རྒྱ་སྙིང་དབུས་ནས་གྲོལ་བས། །

མདོ་སྔགས་གཞུང་བརྒྱའི་གནད་གསང་རྩོལ་མེད་དུ་ཤར་བའི། །

ཐེག་རྩེའི་གསང་ལམ་སྙོགས་པའི་རྣལ་འབྱོར་ང་སྐྱིད་པ། །

 

དམིགས་མེད་བྱམས་དང་སྙིང་རྗེས་ལྷག་བསམ་གྱིས་བསྐུལ་ནས། །

འབྲེལ་ཚད་འགྲོ་ཀུན་དག་པའི་ཞིང་བཟང་དུ་ཁྲིད་ཕྱིར། །

ཞུམ་མེད་སྙིང་སྟོབས་བརྩོན་པའི་གོ་ཆ་ཞིག་བགོས་ནས། །

གཞན་དོན་ཡིད་བཞིན་འགྲུབ་པའི་རྣལ་འབྱོར་ང་སྐྱིད་པ། །

 

ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཆེན་གྱི་ཏོག་བཟང་། །

ཆེར་སྙིགས་ཐུན་གསུམ་འཁོར་ལོའི་སྨག་རུམ་དུ་གནས་པ། །

བཤད་སྒྲུབ་རྒྱལ་མཚན་དཀར་པོའི་རྩེ་མོ་རུ་བཏེགས་ནས། །

བསྟན་པའི་ཞབས་ཏོག་འགྲུབ་པའི་རྣལ་འབྱོར་ང་སྐྱིད་པ། །

 

འབྱུང་འདུས་སྒྱུ་མའི་ཕུང་པོ་ཟག་བཅས་ཀྱི་འཁྲུལ་འཁོར། །

བར་མེད་ན་དང་རྒ་བའི་དུཿཁ་ཡིས་ཟིན་ཀྱང་། །

དལ་འབྱོར་མི་ཚེ་དོན་ལྡན་དམ་ཆོས་ཀྱིས་འཁྱོལ་བས། །

སེམས་ལ་གུ་ཡང་སྐྱིད་ཀྱི་ཉི་མ་ཞིག་ཤར་འདུག །

 

ད་ནི་རྩ་གསུམ་ལྷ་དང་བླ་མ་ཡི་དགྱེས་བརྩེས། །

དབུགས་དབྱུང་གསང་གཏམ་རོལ་མོ་རྣ་བ་རུ་སོན་ནས། །

བདེ་ནས་བདེ་བར་འགྲོ་བའི་གདེངས་ཆེན་ཞིག་རྙེད་དེ། །

གཅིག་པུར་གནས་ཀྱང་སྐྱིད་པའི་ཉམས་གླུ་ཞིག་འགུགས་འདོད། །

 

གསོན་ཀྱང་དགའ་སྟེ་བསྟན་འགྲོའི་དོན་ཆེན་ཞིག་འགྲུབ་འདུག །

ཤི་ཡང་དགའ་སྟེ་དག་པའི་ཞིང་ཁམས་འགྲོ་ངེས། །

སྐྱིད་སྡུག་ལས་ཀྱི་སྣང་བ་ཇི་འདྲ་ཞིག་བྱུང་ཡང་། །

ཡིད་ལ་རེ་དང་དོགས་པའི་སེམས་ཁྲལ་དེ་བོར་སོང་། །

 

ནམ་ཞིག་ཟག་བཅས་ཕུང་པོའི་སྦུབས་རྒྱ་ལས་གྲོལ་ཚེ། །

དབང་མེད་ལས་ཀྱིས་བསྐྱེད་པའི་སྒྱུ་ལུས་འདིས་སུན་ནས། །

བདེ་ལྡན་དག་པའི་ཞིང་གི་མེ་ཏོག་གི་སྙིང་པོར། །

ཡིད་འོང་མཚན་དཔེས་མཛེས་པའི་ལུས་མཆོག་ཞིག་ལེན་འདོད། །

 

སངས་རྒྱས་དངོས་ལས་ཐེག་མཆོག་གདམས་པ་ཞིག་མནོས་ནས། །

རྟོགས་པའི་ལུས་སྟོབས་རྫོགས་ཏེ་སྤྲུལ་བ་ཡི་རོལ་གར། །

རིག་འཛིན་སེམས་དཔའ་སེམས་མའི་མཛའ་གྲོགས་དང་བལྡེབས་ནས། །

དག་དང་མ་དག་ཞིང་དུ་ལྟད་མོ་རུ་ཕེབས་འགྲོ། །

 

མདོར་ན་ད་ནས་བརྩོན་པའི་གོ་ཆ་ཞིག་བགོས་ཏེ། །

ཀུན་བཟང་སྤྱོད་པ་རྒྱ་མཚོའི་རྣམ་ཐར་ལ་བསླབས་ནས། །

མ་རྒན་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཕྱིར། །

ནམ་མཁའ་སྲིད་དུ་བརྩོན་ལ་སྤྲོ་བ་ཞིག་སྐྱེས་བྱུང་། །

 

དེ་ལྟར་ལོངས་སྤྱོད་འཁོར་ལོའི་རོལ་མོ་ཡི་དབྱངས་སྙན། །

བཀྲ་ཤིས་དོན་ཀུན་གྲུབ་པའི་དགའ་སྐྱིད་ཀྱི་དོ་ཧ། །

འདི་ཉིད་རྣ་བར་སོན་པའི་མཆོག་དམན་གྱི་འགྲོ་ཀུན། །

རྟག་ཏུ་མྱ་ངན་མེད་པའི་དཔལ་ཡོན་ལ་སྨོན་ནོ། །

 

ཞེས་པ་འདི་ནི་བོད་རབ་བྱུང་ ༡༧ པའི་ས་ཡོས་ས་ག་ཟླ་བའི་ཚེས་ ༢ ཀྱི་སྔ་དྲོའི་ཆར་ངག་དབང་བློ་གྲོས་མཚུངས་མེད་པས་གང་ཤར་བཅོས་བསྒྱུར་མ་བྱས་པར་སྨྲས་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept