Clouds of Offerings to Delight the Victorious Ones—Tibetan

Practices › Aspiration Prayers | Schools & Systems › Nyingma | བོད་ཀྱི་བླ་མ།མཁན་པོ་ཐུབ་བསྟན་བརྩོན་འགྲུས།

English | བོད་ཡིག

མཁན་པོ་ཐུབ་བསྟན་བརྩོན་འགྲུས།

རྫོགས་ཆེན་པདྨ་རིག་འཛིན།

Further information:
Download this text:

༄༅། །གྲུབ་དབང་རྫོགས་ཆེན་པའི་བསྟན་པ་རྒྱས་པའི་སྨོན་ལམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

 

ན་མོ་མ་ཧཱ་གུ་རུ་པདྨ་བིདྷྱཱ་དྷ་ར་ཡེ།

 

མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ལས། །

སྒྲོལ་མཛད་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །

རྡོ་རྗེ་སློབ་དཔོན་གཟུགས་སུ་མངོན་སུམ་བྱོན། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག །

དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཆེ། །

གྲུབ་པའི་དབང་ཕྱུག་ཀུ་ཀུ་རཱ་ཛ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

སྡེ་གསུམ་ཀློང་དགུའི་རྫོགས་པ་ཆེན་པོའི་བསྟན། །

གངས་རིའི་ཁྲོད་འདིར་འདྲེན་པའི་ཤིང་རྟ་ཆེ། །

འཕོ་ཆེན་སྐུར་བཞེངས་བི་མ་མི་ཏྲ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་གཟིགས་པའི། །

རྡོ་རྗེའི་དོ་ཧས་འབྲེལ་ཚད་རྡོ་རྗེའི་སར། །

སྦྱོར་མཁས་གྲུབ་མཆོག་ས་ར་ཧ་པ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

གསང་སྔགས་སྟོན་པ་པདྨ་སམྦྷ་ཝའི། །

དགོངས་རྒྱུད་བྱིན་ཐོབ་གྲུབ་པ་མཆོག་བརྙེས་ནས། །

ལྷ་སྲིན་བྲན་ཁོལ་རླངས་ཆེན་དཔལ་སེང་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

རྫུ་འཕྲུལ་ཐོག་མདས་འཁྲུལ་སྣང་བྲག་གི་རི། །

བསྙིལ་མཁས་གྲུབ་པ་མཆོག་གི་བརྟུལ་ཞུགས་ཅན། །

སྐད་གཉིས་སྨྲ་དབང་དཀོན་མཆོག་འབྱུང་གནས་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

མཁན་སློབ་ཆོས་རྒྱལ་གསུམ་གྱི་ཐུགས་བསྐྱེད་མཐུས། །

ལེགས་དྲངས་རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ། །

བསྟན་པའི་རྩ་ལག་མངའ་བདག་ཁྲི་རལ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བདེན་དོན་མངོན་དུ་གཟིགས་པའི་ཡེ་ཤེས་ཀྱིས། །

གཏི་མུག་ལམ་སློང་བརྟུལ་ཞུགས་རྩལ་རྫོགས་པ། །

གྲུབ་ཆེན་ཕག་ཚང་བ་ཡི་དངོས་སྤྲུལ་མཆོག །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཚེ་གཅིག་རྡོ་རྗེ་འཆང་གྲུབ་མི་ལ་རྗེའི། །

སྙན་རྒྱུད་གདམས་པའི་མཛོད་འཛིན་ཐུགས་ཀྱི་སྲས། །

ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བསྐལ་བཟང་རྣམ་འདྲེན་དྲུག་པ་སེངྒེའི་མཚན། །

མངལ་གྱི་སྒྲིབ་པས་མ་གོས་སྤྲུལ་པའི་སྐུ། །

གྲུབ་པ་མཆོག་བརྙེས་དུས་གསུམ་མཁྱེན་པ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཆོས་ཉིད་མངོན་སུམ་གཟིགས་པའི་བརྟུལ་ཞུགས་ཀྱི། །

ཨོ་རྒྱན་ཡུལ་ཕྱོགས་ས་སྤྱོད་ཞིང་ཀུན་ཉུལ། །

གྲུབ་པའི་དབང་ཕྱུག་གླིང་རྗེ་རས་པ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བླ་མ་ཆོས་སྐུར་རྟོགས་པའི་མོས་གུས་ཀྱི། །

རྣལ་འབྱོར་མཐར་ཕྱིན་རྟོགས་པའི་དབང་ཕྱུག་མཆོག །

སྒྲུབ་བརྒྱུད་བསྟན་འཛིན་སྟག་ལུང་ཐང་པ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

རྟོགས་པ་མཆོག་བརྙེས་སྣང་སེམས་དབང་དུ་འབྱོར། །

ལྟ་སྟངས་ལ་སོགས་བརྟུལ་ཞུགས་ཀུན་གྲུབ་པ། །

ཨོ་རྒྱན་རང་བྱུང་པ་ཡི་དངོས་སྤྲུལ་མཆོག །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

རྒྱལ་བ་ཀུན་གྱི་མཁྱེན་རབ་འཇམ་པའི་དབྱངས། །

ཐུབ་བསྟན་རྩ་ལག་ངུར་སྨིག་འཛིན་པའི་གར། །

རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དངོས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

གཞན་ཡང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །

རིགས་གསུམ་སེམས་དཔའ་མཆོག་གི་རྣམ་འཕྲུལ་དུ། །

རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ཡི། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

མདོར་ན་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །

ཁྱབ་བདག་རྡོ་རྗེ་སེམས་དངོས་ཁྱོད་ཡིན་ཕྱིར། །

སྲས་བཅས་རྒྱལ་ཀུན་ཁྱོད་ཀྱི་སྒྱུ་འཕྲུལ་གར། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

རྒྱལ་བ་ཀུན་དངོས་པདྨ་རིག་འཛིན་དང་། །

འགྱུར་མེད་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོ། །

ངེས་དོན་བསྟན་འཛིན་བཟང་པོའི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

མི་འགྱུར་ནམ་མཁའི་རྡོ་རྗེ་གདོད་མའི་མགོན། །

ཀུན་གཟིགས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག །

འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ནམ་མཁའ་འོད་གསལ་གཏེར་ཆེན་ཉི་མ་གྲགས། །

རབ་འབྱམས་བསྟན་པའི་རྒྱལ་མཚན་ལ་སོགས་པའི། །

མཚུངས་བྲལ་ཐུགས་ཀྱི་སྲས་མཆོག་རྣམས་ཀྱི་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

འཇིགས་མེད་ཕྲིན་ལས་འོད་ཟེར་རིམ་བྱོན་དང་། །

འཇིགས་མེད་མི་བསྐྱོད་རྡོ་རྗེ་རིམ་བྱོན་སོགས། །

བརྒྱུད་འཛིན་སྐྱེས་ཆེན་རྣམས་ཀྱི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། །

མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སོགས། །

རྩོད་བྲལ་མཁས་གྲུབ་རྒྱ་མཚོའི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

རྒྱལ་སྲས་གཞན་ཕན་མཐའ་ཡས་རིམ་བྱོན་དང་། །

ཀུན་འབྲུག་གླིང་གསུམ་མཁྱེན་ཀོང་གཉིས་ལ་སོགས། །

རྒྱལ་ཚབ་མཆོག་སྤྲུལ་རྣམས་ཀྱི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

པདྨ་བཀྲ་ཤིས་པདྨ་བཛྲ་སོགས། །

འདྲེན་མཆོག་བསྟན་འཛིན་ཆོས་བཟང་བར་བྱོན་པའི། །

མཁན་རབས་གསེར་རིའི་ཕྲེང་བའི་ཐུགས་བསྐྱེད་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཁྱད་པར་རྒྱ་གཞུང་བཅུ་གསུམ་ཆ་ལག་བཅས། །

འཆད་ཉན་ཕྲིན་ལས་གངས་ཅན་མཐའ་དབུས་ཀུན། །

སྤེལ་མཛད་གཞན་ཕན་ཆོས་ཀྱི་སྣང་བའི་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བསྟན་པའི་རྩ་ལག་གཞི་གསུམ་ཉམས་བཞེས་གཙང་། །

སྔ་འགྱུར་བཀར་གཏེར་ཕྲིན་སྒྲུབ་ཕྱག་བཞེས་བཟང་། །

སྤོང་དང་ཀློག་པའི་སྡེ་ཆེན་གྱིས་འཛིན་པའི། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་འཆད་ཉན་འཕེལ། །

བྱ་བྲལ་འཁྲུལ་ཞིག་སྒྲུབ་པོས་རི་སུལ་ཁེངས། །

བསྟན་བརྒྱུད་འཛིན་པའི་གངས་ལྗོངས་མཐའ་དབུས་ཁྱབ། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

འཁོར་ལོ་གསུམ་གྱི་ཕྲིན་ལས་ཟླ་མེད་ཕྱིར། །

མདོ་ཁམས་སྔ་འགྱུར་བསྟན་པའི་རྩ་ལག་ཏུ། །

གྲགས་པའི་ཆོས་དུང་སྒྲ་ཡིས་ས་གསུམ་སྙན། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཀཿདཔལ་གཉིས་སོགས་ས་དགེ་བཀའ་རྙིང་གི །

བསྟན་འཛིན་དུ་མས་མདོ་སྔགས་རིག་གཞུང་བཅས། །

གསན་བསམ་མཛད་གནས་ཆོས་ཀྱི་སྡེ་ཆེན་པོ། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

མདོར་ན་སྟོན་མཆོག་ཤཱཀྱའི་རྒྱལ་པོ་ཡི། །

བསྟན་པ་ཡོངས་སུ་རྫོགས་པ་འཛིན་པ་ལ། །

ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པ། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བརྒྱུད་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །

ཐེག་པ་རིམ་པ་དགུ་ཡི་ཡི་དམ་ལྷ། །

མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཐུགས་རྗེ་ལས་སྤྲུལ་སྐྱེས་མཆོག་མང་དུ་བྱོན། །

ཆོས་བརྒྱུད་འཛིན་རྣམས་འཆད་ཉན་རྟག་ཏུ་འཕེལ། །

ཆོས་སྐྱོང་སྲུང་མས་འཕྲིན་ལས་ཚུལ་བཞིན་བསྒྲུབ། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །

འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །

ཚོགས་གཉིས་སྨོན་ལམ་ཡོངས་སུ་རྫོགས་པའི་མཐུས། །

རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

 

བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །

རྒྱལ་བསྟན་སྙིང་པོ་རྒྱལ་བ་རྫོགས་ཆེན་པའི། །

བསྟན་པ་འཛིན་ལ་ལུས་དང་སྲོག་འདོར་ཡང་། །

ཅུང་ཟད་ཙམ་ཞིག་ལྷོད་པར་མ་གྱུར་ཅིག །

 

རྒྱལ་སྲས་སྨོན་ལམ་འབུམ་ཕྲག་བགྲང་ཡས་པ། །

ཀུན་འདུས་དམ་ཆོས་འཛིན་པའི་སྨོན་ལམ་མཆོག །

འགྲུབ་པའི་མཐུན་འགྱུར་སྲས་བཅས་རྒྱལ་རྣམས་ཀྱིས། །

མཆོག་སྦྱིན་ཕྱག་རྒྱ་སྐྱོང་བཞིན་གནང་བར་མཛོད། །

 

དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན། །

བསྟན་འཛིན་དགེ་འདུན་སྡེ་ཡིས་འཛིན་མར་ཁྱབ། །

རྙེད་དང་བཀུར་སྟི་བཅས་ཏེ་ཐུབ་པའི་བསྟན། །

རྟག་ཏུ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

 

ཅེས་པ་འདི་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པས་གྲུབ་དབང་རྫོགས་ཆེན་པའི་སྐྱེས་ཕྲེང་གསོལ་འདེབས་གསུངས་པའི་དོན་དང་མཐུན་ཞིང་བསྔགས་བརྗོད་གཞན་རྣམས་ཀྱང་ཟོལ་བརྫུན་དང་བཅོས་མ་མ་ཡིན་པ་དོན་ལ་ཇི་ལྟར་གནས་པ་བཞིན་བརྗོད་པའི་སྒོ་ནས། བསྟན་པ་རྒྱས་པར་སྨོན་པ་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ཟླ་བ་བཞི་བའི་དམར་ཕྱོགས་ཀྱི་ཚེས་ཉེར་ལྔར་སྦལ་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ལག་རྡོ་རྗེ་གླིང་དུ་གྲགས་པའི་རི་འགུལ་ནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གྲལ་མཐར་སྐྱེས་ཙམ་བན་ཧྲུལ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་མིང་པས་སུག་བྲིས་བགྱིས་པའི་དགེ་བས་དད་ལྡན་གྱི་གདུལ་བྱ་རྣམས་ཀྱིས་བླ་མ་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་རང་བསྟན་འཛིན་སྐྱོང་སྤེལ་འདོད་ཀྱི་སྙིང་སྟོབས་ཉིན་བཞིན་ཕན་ཚུན་འགྲན་པ་ལྟར་འཕེལ་ནས་རྒྱལ་བསྟན་རིན་པོ་ཆེ་ཉམས་པ་སོར་ཆུད་པ་དང་། མི་ཉམས་གོང་འཕེལ་དུ་དར་ནས་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept