Advice for Meditating on Impermanence—Tibetan

Literary Genres › Songs and Poems | Literary Genres › Advice | Buddhist Philosophy › Impermanence | བོད་ཀྱི་བླ་མ།དཀོན་མཆོག་བསྟན་པའི་སྒྲོན་མེ།

English | བོད་ཡིག

དཀོན་མཆོག་བསྟན་པའི་སྒྲོན་མེ།

དཀོན་མཆོག་བསྟན་པའི་སྒྲོན་མེ།

Further information:
Download this text:

༄༅། །མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ་བཞུགས་སོ། །

དཔལ་བདེ་བ་ཆེན་པོའི་མཁའ་དབྱིངས་ངོས། །
སྐུ་གང་འདུལ་བཀོད་པའི་སྤྲིན་དཀྲིགས་ཏེ། །
ཆོས་ཟབ་ཅིང་རྒྱ་ཆེའི་ཆར་འབེབས་ལ། །
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

དུས་ལན་གཅིག་རྙེད་པའི་དལ་འབྱེར་འདི། །
དོན་མ་གྲུབ་ལག་ནས་འཆོར་ཉེར་གདའ། །
ད་ཐར་པའི་ལམ་སྣ་བརྙེགས་རེ་རན། །
དོན་དེ་ཕྱིར་སྐུལ་མའི་ལྕག་འདི་ཟུངས། །

ལོ་ཟླ་བ་འདི་ལ་འདི་སྣང་གི །
ལས་བྱ་བྱེད་ཚུགས་སུ་ཚུད་བྱས་ནས། །
སླར་གཙང་མའི་ཆོས་ཤིག་བྱེད་སྙམ་པ། །
འདི་ཐམས་ཅད་བསླུ་བའི་ཕུང་འདྲེ་ཡིན། །

ཚེ་འདི་སྣང་བྱ་བ་ཆུ་མཉེར་འདྲ། །
གཅིག་འདས་རྗེས་གཅིག་གིས་མནན་ནས་འོངས། །
དེ་བསྒྲུབ་ཀྱིན་བསྒྲུབ་ཀྱིན་མང་དུ་འགྲོ །
ད་བཙན་ཐབས་སུ་བཅད་ན་མི་ལེགས་སམ། །

ཆོས་བྱེད་ཀྱི་སང་ཉིན་འཆར་གྱི་བར། །
འཆི་དུས་ཀྱི་དེ་རིང་སླེབས་ཉེན་ཆེ། །
ད་རང་མགོ་རང་གིས་མ་བསྐོར་བར། །
ཆོས་བྱེད་ན་དེ་རིང་ཉིད་ནས་གྱིས། །

སྔོན་བྱོན་གྱི་རྒྱལ་བ་སྲས་དང་བཅས། །
མཛད་འཕྲིན་གྱིས་ས་གསུམ་ཁྱབ་ན་ཡང་། །
སྐུ་མི་བཞུགས་མཚན་ཙམ་ལྷག་མར་ལུས། །
དེ་ཀུན་ཀྱང་མི་རྟག་སློབ་དཔོན་ཡིན། །

སྟོབས་འབྱོར་གྱིས་དྲེགས་པའི་རྒྱལ་བློན་ཚོགས། །
ལོ་རྒྱུས་ཀྱི་ཕྲེང་བ་ངོམས་ཆེ་ཡང་། །
མ་བརྟག་ན་ཡོད་ཡོད་འདྲ་བ་ལ། །
ཁམས་གསུམ་དུ་འཐོརཏེ་ཤུལ་ན་མེད། །

རང་ཉིད་དང་སྔར་ནས་འདྲིས་པའི་གྲོགས། །
ཚེ་སྲོག་དང་སྟོབས་མཚུངས་ཕལ་ཆེར་ཡང་། །
གློ་བུར་དུ་འཆི་བདག་དགྲས་ཁྱེར་ན། །
ད་རང་ལ་མི་འཇིགས་གདེངས་ཅི་ཡོད། །

ཆེས་ཤིན་ཏུ་གླེན་པ་ལུག་གིས་ཀྱང་། །
རང་རིགས་རྣམས་བཤན་པས་གསོང་མཐོང་ཚེ། །
སྙིང་འདར་ན་གཞན་དཔེ་རང་སྟེང་དུ། །
སྦྱོར་མི་ཤེས་པ་དེ་ཕྱུགས་ལས་བླུན། །

ངེས་མེད་དུ་འཆི་བ་གཟུགས་གྲུབ་འདི། །
དངོས་སྟོབས་དང་ལུང་ལ་མ་ལྟོས་པར། །
མངོན་སུམ་དུ་མཐོང་ཡང་མི་ཤེས་པ། །
དེའི་མིང་ལ་ཅེ་རེ་ལོང་ཞེས་གསུངས། །

གཉེན་ཉེ་དུ་གཡོག་འཁོར་འདུས་པ་ཡང་། །
རླུང་ཆེན་པོས་ཤིང་ལོ་སྤུངས་པ་འདྲ། །
དར་ཅིག་ནས་རི་ཀླུང་ཀུན་ཏུ་འཐོར། །
སླར་མི་འཛོམ་འདུས་པའི་ཐ་མ་ཡིན། །

ཕྱོགས་ངེས་མེད་འདུས་པའི་ཁྲོམ་ཚོགས་ཀྱང་། །
སྟོན་ནམ་མཇུག་འཆད་ཁའི་སྦྲང་བུ་འདྲ། །
འདུས་ཙམ་ནས་གྱེས་ཤིང་ཡལ་ཏེ་འགྲོ །
བསམ་ཤེས་ན་མི་རྟག་སློབ་དཔོན་ཡིན། །

ཕྱི་འབྱུང་བའི་སྣོད་ལམ་མཚོན་ན་ཡང་། །
དབྱར་དགུན་གྱི་མིང་བཏགས་བསླུ་བྲིད་ཀྱིས། །
ཞག་བཅུ་གྲངས་ཙམ་ནས་རི་ཀླུང་ཀུན། །
མདོག་འགྱུར་ཞིང་འགྲོ་དེ་མི་རྟག་པ། །

ཆུ་སྔོན་མོ་རླབས་ཀྱི་གར་མཁན་མ། །
སྒྲ་ལྷུང་ལྷུང་སྒྲོག་པ་དེ་ཡང་ནི། །
དགུན་འཁྱག་རོམ་སྦུབས་སུ་ཚུད་པ་ན། །
སྒྲ་ཤུབ་བུས་སྨྲེ་སྔགས་འདོན་པ་བཞིན། །

ཚལ་ཡངས་པོ་སྐྱེ་དགུ་དགའ་བ་ན། །
རྐང་དྲུག་གི་ཕྲེང་ལྡན་འདབ་བརྒྱའི་ཚོགས། །
སྟོན་པ་མོས་བཅོམ་པའི་མྱ་ངམ་ཐང་། །
སྐྱི་སེར་གྱིས་གདུང་བས་ཤུགས་གླུ་ལེན། །

ཉིན་མཚན་གྱི་བྱི་བ་དཀར་ནག་གཉིས། །
ཚེ་འཆིང་ཐག་གི་རྩ་ཕུང་རེས་ཀྱིས་ཟ། །
དེར་མ་ཟད་སྐད་ཅིག་རེ་རེས་ཀྱང་། །
དགྲ་འཆི་བདག་གི་དྲུང་དུ་བསྙེགས་ནས་འགྲོ །

སྐྲ་དཀར་ཞིང་གཞུ་ལྟར་གུག་པ་ཡིས། །
རྒས་འཁོགས་ཀྱི་ཕ་མས་འདར་བཞིན་དུ། །
བུ་ལང་ཚོ་ཅན་གྱི་དུར་འདབས་ན། །
རྒན་གཞོན་གྱི་རིམ་པ་སུ་ཡིས་བརྩི། །

ནོར་ལོངས་སྤྱོད་སྙེ་མའི་གང་བུ་ཡང་། །
རྐྱེན་ངན་གྱི་སེར་བས་བརྡུང་བ་ན། །
སྔར་རང་གི་གསོས་པའི་གཡོག་གི་སྒོར། །
སྤྲང་ཞུ་བས་ཨང་ལན་ཁུག་པར་དཀའ། །

དུས་དེ་རིང་ཡིད་གཅུག་གྲོགས་པོ་ཡང་། །
ཚིག་ལེགས་ཉེས་གཅིག་ལ་རྣམ་རྟོག་གིས། །
སྒྲོ་བཏགས་ནས་སང་ཉིན་དངས་མའི་དགྲ། །
ཉེ་རིང་གི་འཛིན་པ་དེ་ནས་ཆོད། །

བྱུར་དཔལ་དུ་རློམ་པའི་སྲིད་འབྱོར་ཀུན། །
བྱེ་ལེབ་ལ་མར་མེ་ཁང་བཟང་བཞིན། །
མཛེས་མཛེས་ལྟར་སྣང་བའི་བསླུ་བྲིད་ཀྱིས། །
གཏན་བདེ་བའི་སྲོག་རྩ་གཅོད་བྱེད་ཡིན། །

དོན་དྲིལ་ན་མྱུར་དུ་འོང་ངེས་ཤིང་། །
དུས་ནམ་ཞིག་འོང་བ་ཆ་མེད་ལ། །
ནམ་སླེབས་ཚེ་ཟློག་ཏུ་མེད་པ་ཡིན། །
དགྲ་འཆི་བདག་བདུད་ཀྱི་ཁར་ཆུད་ཚེ། །
དུས་ཡུན་རིང་འགྲོགས་པའི་ལུས་འདི་ཡང་། །
མལ་དྲོན་མོར་བཞག་ནས་འགྲོ་དགོས་ན། །
ནོར་ལོངས་སྤྱོད་གཉེན་དང་འཁོར་གཡོག་ལ། །
ཕྱི་མིག་ཀྱང་བལྟ་བའི་གོ་སྐབས་མེད། །

ཚེ་ཧྲིལ་པོར་ངལ་མེད་བསྒྲུབ་བསྒྲུབ་པའི། །
དགྲ་འདུལ་དང་གཉེན་སྐྱོང་བྱ་བ་ཀུན། །
འཕྲོ་བཤལ་ལེ་བཞག་སྟེ་དགེ་སྡིག་གི །
ཁུར་བཀུར་ནས་འཇིག་རྟེན་ཕ་རོལ་འགྲོ། །

ལམ་རྒྱུས་མེད་བགྲོད་དཀའ་བར་དོའི་འཕྲང་། །
དགྲ་གཤིན་རྗེའི་དམག་གིས་བཀག་པའི་ཚེ། །
སྲིད་འབྱོར་བས་དགོས་དུས་བསླུ་བ་ཡི། །
མཚང་སྟོན་པར་ཤེས་ཏེ་འགྱོང་ཀྱང་འཕྱིས། །

ལམ་རྒྱུས་མེད་ཀྱི་ས་མཁན་ཆོས་ཡིན་ཞིང་། །
ལམ་བཤུལ་རིང་གི་ལམ་རྒྱག་ཆོས་ཡིན་ལ། །
ལམ་བགྲོད་དཀའི་དེད་དཔོན་ཆོས་ཡིན་པས། །
དུས་ད་ནས་སྒོ་གསུམ་ཆོས་ལ་སྦྱོར། །

དབང་རང་ལ་ཡོད་པའི་གནས་སྐབས་འདིར། །
གཏན་བདེ་བའི་བཙན་ས་མ་ཟིན་ན། །
དབུགས་འགྲོ་འོང་རྒྱུ་བ་ཆད་པའི་ཚེ། །
རང་ཅི་བྱ་གཏོལ་མེད་དུས་ཤིག་འོང་། །

དོན་དེ་ཕྱིར་མི་རྟག་སེམས་པ་འདི། །
དུས་ཐོག་མ་བར་དང་ཐ་མ་རུ། །
བློ་ཆོས་ལ་བསྐུལ་བར་བྱེད་པ་ཡི། །
ལམ་དབུ་མ་སྣང་སེལ་ཆེན་པོར་གསུངས། །

སེམས་དེ་ལྟར་ཆོས་ལ་འཁྲུལ་བ་ན། །
ཆོས་ཟབ་མོའི་སྒྲ་ཅན་མང་ན་ཡང་། །
མགོན་དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད། །
རྗེ་བློ་བཟང་རྒྱལ་བའི་རིང་ལུགས་མཆོག །

ཆོས་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི། །
ལམ་ངོ་བོ་གྲངས་དང་གོ་རིམ་སོགས། །
གནད་ཚང་ལ་མ་ནོར་ཡོངས་རྫོགས་ལ། །
དུས་ཉིན་བཞིན་བག་ཆགས་ཅི་ཐེབས་ཀྱིས། །

བཤར་སྒོམ་ལ་ཉམས་ལེན་དངོས་གཞིར་བྱས། །
དེའི་སྦྱོར་དང་མཇུག་གི་རིམ་པ་ཡང་། །
རྗེ་བླ་མའི་བཀའ་བཞིན་ལེགས་བསྒྲུབ་སྟེ། །
དལ་འབྱོར་ལ་སྙིང་པོ་ལེན་པར་འཚལ། །

ཚུལ་དེ་ལྟར་བསྒྲུབ་པའི་དགེ་ཚོགས་མཐུས། །
བདག་རྟག་པར་འཛིན་པའི་ཆོམ་རྐུན་དང་། །
ཡུལ་བདེན་འཛིན་གྱི་ཕྱི་དཔུང་བཅོམ་བྱས་ཏེ། །
དཔལ་འཆི་བ་མེད་པའི་གནས་ཐོབ་ཤོག །

ཅེས་པ་འདི་ནི་སྔོན་བཟང་པོའི་བག་ཆགས་ཀྱི་མཐུ་བརྟས་པའི་ཞབས་དྲུང་ངག་དབང་གྲགས་པས་འཕགས་པ་བཅུ་གཅིག་ཞལ་གྱི་དཀྱིལ་འཁོར་སྟེགས་བུ་མཆོད་ཆ་དང་བཅས་ཆ་འགྲིག བཀྲ་ཤིས་པའི་ལྷ་རྫས་སོགས་ཀྱི་སྐྱེས་དང་བཅས་མི་རྟག་པ་སྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ་ཞིག་དགོས་ཚུལ་འཕྲིན་ཡིག་གི་ལམ་ནས་བསྐུལ་མ་བྱུང་བར་བརྟེན། ༧བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོག་དམན་ཀུན་གྱིས་གོ་བདེ་བའི་ཕྱིར་སྙན་ངག་མངོན་བརྗོད་སོགས་ཀྱི་མ་བཅིངས་པར་དམ་པ་གོང་མའི་གསུང་སྒྲོས་ལ་གཞི་བྱས་ཏེ་འབོལ་རྩོམ་དུ་བགྱིས་པ་འདི་ཡང་སྐྱེ་དགུ་རྣམས་བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུར་གྱུར་ཅིག། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept