Eight Thoughts of Great Beings—Tibetan

Practices › Aspiration Prayers | བོད་ཀྱི་བླ་མ།གླག་བླ་བསོད་ནམས་ཆོས་འགྲུབ།

English | བོད་ཡིག

གླག་བླ་བསོད་ནམས་ཆོས་འགྲུབ།

གླག་བླ་བསོད་ནམས་ཆོས་འགྲུབ།

Further information:
Download this text:

༄༅། །ཐེག་པ་ཆེན་པོའི་གཞུང་ལམ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཀྱི་སྨོན་ལམ་བཞུགས།

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

བདག་ནི་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི། །

སྡུག་བསྔལ་མ་ལུས་སེལ་བར་བྱ་སྙམ་དང་། །

ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས། །

འབྱོར་བ་ཆེན་པོའི་གནས་ལ་འཇོག་ནུས་སྙམ། །

དེ་བཞིན་གེགས་མེད་ཡོངས་སུ་འགྲུབ་གྱུར་ཅིག །

 

ནམ་ཞིག་ཤ་ཁྲག་དང་བཅས་ལུས་འདི་ཡིས། །

སེམས་ཅན་ཀུན་གྱི་དོན་བྱེད་ནུས་ན་སྙམ། །

ནམ་ཞིག་དམྱལ་བར་ཡུན་རིང་གནས་ནས་ཀྱང་། །

སེམས་ཅན་ཀུན་དོན་བྱེད་ནུས་སྙམ་པ་སོགས། །

དེ་བཞིན་གེགས་མེད་ཡོངས་སུ་འགྲུབ་གྱུར་ཅིག །

 

ནམ་ཞིག་འཇིག་རྟེན་དང་ནི་འཇིག་རྟེན་ལས། །

འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི། །

རེ་བ་ཡོངས་སུ་རྫོགས་པར་བྱེད་ནུས་སྙམ། །

དེ་བཞིན་གེགས་མེད་ཡོངས་སུ་འགྲུབ་གྱུར་ཅིག །

 

ནམ་ཞིག་སངས་རྒྱས་ཉིད་དུ་གྱུར་ནས་ནི། །

སེམས་ཅན་ཀུན་གྱི་སྡུག་བསྔལ་ངེས་པ་རུ། །

འབྱིན་པར་བྱེད་ནུས་སྙམ་སོགས་གེགས་མེད་དུ། །

གྲུབ་ནས་འགྲོ་དོན་དཔག་མེད་འབྱུང་བར་ཤོག །

 

སེམས་ཅན་ཀུན་ལ་ཕན་པ་མི་བྱེད་པའི། །

སྐྱེ་བ་དང་ནི་དོན་དམ་སྟོང་ཉིད་ཀྱི། །

རོ་ལ་སྤྱོད་ཅིང་ལམ་གྱི་ཐབས་འགོག་པ། །

དེ་སོགས་ཐབས་ཤེས་ཡ་བྲལ་མ་གྱུར་ཅིག །

 

སྐྱེ་བོ་ཐམས་ཅད་ཚིམ་པར་མི་བྱེད་པའི། །

ཚིག་དང་གཞན་ལ་ཕན་པར་མི་བྱེད་པའི། །

འཚོ་བ་དང་ནི་ལུས་དང་ཤེས་རབ་དང་། །

ནོར་དང་དབང་ཕྱུག་དང་ལྡན་གཞན་དག་ལ། །

གནོད་པར་བྱེད་པ་དག་ལ་དགའ་བྱེད་པ། །

ཚེ་རབས་ཀུན་ཏུ་དེ་འདྲ་མ་གྱུར་ཅིག །

 

སེམས་ཅན་ཀུན་གྱི་སྡིག་པའི་འབྲས་བུ་ཀུན། །

བདག་ལ་སྨིན་ཅིང་བདག་གི་དགེ་བའི་འབྲས། །

འགྲོ་བ་སེམས་ཅན་ཀུན་ལ་སྨིན་གྱུར་ནས། །

ཀུན་ཀྱང་སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །

 

མཆོག་གསུམ་བདེན་པ་བསླུ་བ་མེད་པ་དང་། །

བྱམས་དང་སྙིང་རྗེ་རིན་ཆེན་བྱང་ཆུབ་སེམས། །

ཟབ་མོའི་བདེན་གཉིས་བསམ་མི་ཁྱབ་པའི་མཐུས། །

རང་དོན་བྲལ་བའི་སྨོན་ལམ་འགྲུབ་གྱུར་ཅིག །

 

ཅེས་པའང་བྲག་ལྷ་རྫོང་མཁན་པོ་བསོད་ནམས་ཆོས་འགྲུབ་ཀྱིས་བྲིས་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept