Profound Instruction—Tibetan

Middle Way | Tibetan Mastersམི་ཕམ་རིན་པོ་ཆེ།

English | Français | བོད་ཡིག

མི་ཕམ་རིན་པོ་ཆེ།

Ju Mipham Namgyal Gyatso

Further Information:

༄༅། །དབུ་མའི་ལྟ་ཁྲིད་ཟབ་མོ་བཞུགས་སོ། །

༄༅། །ན་མཉྫུ་ཤྲཱི་ཡེ། །

དཔྱོད་པ་རྣམ་སྦྱོང་སྔོན་སོང་ནས། །
གང་ཟག་བདག་མེད་ཚུལ་ལ་ནི། །
ངེས་ཤེས་གནད་དུ་འབྲོང་བའི་ཚེ། །
བདག་ཅེས་ཕུང་པོ་ལ་བརྟེན་ནས། །
མ་བརྟག་རྟོག་པས་བརྟག་པ་ལྟར། །
ཕུང་པོ་ལྔ་དང་འདུས་མ་བྱས། །
ཆོས་རྣམས་ཐམས་ཅད་དེ་བཞིན་དུ། །
རྟོག་པས་བརྟགས་ཏེ་འདི་འདི་ཞེས། །
སྣ་ཚོགས་ཆོས་སུ་བཟུང་མོད་ཀྱི། །
བརྟག་དོན་བཙལ་ན་མི་རྙེད་དེ། །
ཆ་མེད་གཉིས་ཀྱི་མཐར་ཐུག་བར། །
ཕྲ་ཞིང་ཕྲ་བའང་མ་གྲུབ་བཞིན། །
རྟེན་ཅིང་འབྲེལ་འབྱུང་དབང་གིས་སྣང༌། །
དངོས་པོ་བརྟེན་ནས་སྐྱེས་པ་སྟེ། །
དངོས་མེད་བརྟེན་ནས་བརྟག་པ་ཡིན། །
དངོས་དང་དངོས་མེད་གང་ལ་ཡང༌། །
མ་བརྟག་དེ་དང་དེ་འཛིན་གྱིས། །
བརྟག་ཅིང་དཔྱད་པར་གྱུར་པའི་ཚེ། །
གཞི་མེད་རྩ་བ་བྲལ་བཞིན་དུ། །
མེད་སྣང་སྒྱུ་མ་རྨི་ལམ་དང༌། །
ཆུ་ཟླ་བྲག་ཆ་དྲི་ཟའི་གྲོང༌། །
མིག་ཡོར་སྨིག་རྒྱུ་ལ་སོགས་བཞིན། །
སྟོང་བཞིན་སྣང་ལ་སྣང་བཞིན་སྟོང༌། །
སྣང་སྟོང་སྒྱུ་མའི་ཚུལ་དུ་བསྒོམ། །
འདི་ནི་རྣམ་གྲངས་པའི་དོན་དམ། །
རྟོགས་པའི་བློ་ཡི་ངེས་ཤེས་ཅན། །
རྗེས་ཐོབ་སྒྱུ་མའི་ཚུལ་མཐོང་བའི། །
ཤེས་རབ་དྲི་མེད་ཡིན་མོད་ཀྱང༌། །
གཟུང་བའི་དམིགས་པ་མ་བྲལ་ཞིང༌། །
འཛིན་པའི་རྣམ་པ་མ་ཞིག་ལ། །
ཀུན་ཏུ་རྟོག་ལས་མ་བརྒལ་ཕྱིར། །
སྤྲོས་བྲལ་ཆོས་ཉིད་མཐོང་བ་མིན། །
དེ་འདྲའི་ངེས་ཤེས་སྐྱེས་པའི་ཚེ། །
སྒྱུ་མ་ཙམ་དུ་འཛིན་པ་ཡང༌། །
རྟོག་པས་བརྟགས་ཏེ་གཟུང་མོད་ཀྱི། །
གཟུང་བྱའི་ངོ་བོ་མ་གྲུབ་ལ། །
འཛིན་པའི་སེམས་ཀྱང་མི་རྙེད་པས། །
འཛིན་མེད་ལྷུག་པའི་གཤིས་སུ་བཞག །
དེ་ལྟར་བཞག་ཚེ་ཕྱི་ནང་གི །
སྣང་བ་ཐམས་ཅད་མ་འགགས་ཀྱང༌། །
དེ་འཛིན་མེད་པའི་གཤིས་ལུགས་སུ། །
ཆོས་སུ་བཏགས་པ་ཇི་སྙེད་པ། །
ཡེ་ནས་མ་སྐྱེས་མ་འགགས་པས། །
གཟུང་དང་འཛིན་པ་རྣམས་བྲལ་བའི། །
མཉམ་པ་ཉིད་ཀྱི་དབྱིངས་སུ་མཉམ། །
ཡོད་མེད་ལ་སོགས་ཁས་ལེན་བྲལ། །
བརྗོད་མེད་དོན་གྱི་རང་བབས་ལ། །
ཐེ་ཚོམ་མེད་པའི་ཉམས་མྱོང་འཆར། །
དེ་ནི་ཆོས་ཀུན་ཆོས་ཉིད་དེ། །
རྣམ་གྲངས་མིན་པའི་དོན་དམ་པ། །
སོ་སོ་རང་གི་རིག་བྱ་བ། །
མཉམ་གཞག་མི་རྟོག་ཡེ་ཤེས་ཡིན། །
དེ་ཡི་ངང་ནས་གོམས་པ་ན། །
སྟོང་དང་རྟེན་འབྱུང་ཟུང་འཇུག་པ། །
བདེན་གཉིས་དབྱེར་མེད་གནས་ལུགས་དོན། །
དབུ་མ་ཆེན་པོའི་རྣལ་འབྱོར་ཡིན། །
དོན་དེ་སེམས་ཀྱི་སྤྱོད་ཡུལ་དང༌། །
བྲལ་བ་གཉིས་མེད་ཡེ་ཤེས་ནི། །
མྱུར་བ་ཉིད་དུ་མངོན་བྱེད་པར། །
འདོད་ན་སྔགས་ཀྱི་མན་ངག་བསྒོམ། །
འདི་ནི་དབུ་མའི་སྒོམ་རིམ་གྱི། །
ཟབ་གནད་མཐར་ཐུག་ཡིན་པའི་ཕྱིར། །
དང་པོ་སྤྱོད་པ་རྣམ་སྦྱངས་ནས། །
རིམ་པར་མྱོང་བས་གཏན་ལ་དབབ། །
སྣང་སྟོང་སྒྱུ་མའི་ངེས་ཤེས་ཀྱིས། །
ལམ་ནས་གསལ་བཞག་མེད་པའི་དོན། །
ཤེས་རབ་ཕ་རོལ་ཕྱིན་པའི་དབྱིངས། །
མཉམ་པ་ཉིད་དུ་རྣམ་པར་གྲོལ། །
སྐོམ་པའི་གདུང་བའི་ཕྱོགས་གང་ན། །
ཆུ་ཡོད་གོ་ཡང་སྐོམ་མི་སེལ། །
དེ་ཕྱིར་བཏུང་ན་སེལ་བ་ལྟར། །
གོ་མྱོང་དེ་འདྲར་མདོ་ལས་གསུངས། །
དེ་ཕྱིར་རིགས་པ་མང་པོ་ཡིས། །
རང་ཉིད་ངལ་བའི་གོ་སྐོམ་ལ། །
རེས་འཇོག་མི་དགོས་རིམ་བསྒོམས་ན། །
ཟབ་མོའི་བཟོད་པ་མྱུར་དུ་ཐོབ། །

འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །
ཆུ་འབྲུག་མགོ་ཟླའི་ཚེས་ཉེར་དགུར། །
ཤར་མར་བྲིས་འདིས་འགྲོ་ཀུན་གྱིས། །
ཟབ་མོ་དབུ་མའི་དོན་རྟོགས་ཤོག །
མངྒ་ལཾ།།

• Download this text: EPUB MOBI PDF