Content

Wheel of Analysis and Meditation—Tibetan

Meditation | Tibetan Masters › Mipham Rinpoche

 

༄༅། །སེམས་ཀྱི་དཔྱོད་པ་རྣམ་པར་སྦྱོང་བ་སོ་སོར་བརྟག་པའི་དཔྱད་སྒོམ་འཁོར་ལོ་མ་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་མཛྙུ་ཤྲཱི་ཡེ།།

སྲིད་ན་ཉེས་པ་གང་མཆིས་པ། །

རང་སེམས་ཉོན་མོངས་མཐུ་ཡིས་བྱས། །

ཚུལ་མིན་ཡིད་བྱེད་ཉོན་མོངས་རྒྱུ། །

དེ་ཡང་ཚུལ་བཞིན་ཡིད་བྱེད་ཡིན། །

 

འདི་ལ་དོན་གསུམ་སྟེ། ཇི་ལྟར་བསྒོམ་པའི་ཚུལ། རྒྱུད་ལ་སྐྱེས་པའི་ཚད། དེའི་གོ་དོན་ནོ།

དང་པོ་ནི། 

 

གང་ལ་ལྷག་པར་ཆགས་པའི་ཡུལ། །

ཡིད་ཀྱིས་མདུན་དུ་མངོན་བྱས་ནས། །

དེ་ལ་ཕུང་པོ་ལྔར་ཕྱེས་ཏེ། །

ཐོག་མར་ལུས་ལ་རྣམ་པར་བརྟག །

ཤ་ཁྲག་རུས་པ་རྐང་དང་ཚིལ། །

དོན་སྣོད་ཡན་ལག་དབང་པོ་དང༌། །

གཤང་ལྕི་སྲིན་བུ་སྐྲ་སེན་སོགས། །

མི་གཙང་རྫས་རྣམས་ཇི་སྙེད་དང༌། །

ས་ལ་སོགས་པ་ཁམས་ཀྱི་ཚོགས། །

སོ་སོར་དབྱེ་བ་རུང་བའི་རིགས། །

གང་དག་ཇི་སྙེད་མཆིས་པ་རྣམས། །

ཇི་སྲིད་རྡུལ་གྱི་མཐར་ཐུག་བར། །

རིམ་པར་དབྱེ་ཞིང་དེ་རེ་རེར། །

ཆགས་པ་སྐྱེའམ་མ་སྐྱེ་བལྟ། །

མི་གཙང་སིལ་བུའི་རྫས་དེ་ལས། །

ལུས་ཞེས་བྱ་བ་གཞན་མེད་པས། །

ལུས་ནི་མི་གཙང་འཁྲུལ་འཁོར་དང༌། །

རྩ་དང་བརྩིགས་པ་ལུད་ཕུང་དང༌། །

ལྦུ་བ་བརྡོས་པ་ལྟ་བུ་ནི། །

མཐོང་ཚེ་དེ་དོན་དྲན་བཞིན་འདུག །

རྟོགས་པ་དེ་ཡི་རྒྱུན་ཡལ་ཚེ། །

ཚོར་འདུ་འདུ་བྱེད་རྣམ་ཤེས་ཀྱི། །

རང་བཞིན་རེ་རེ་དག་ལ་ཡང༌། །

དུ་མ་ཉིད་དུ་ཕྱེ་ཞིང་དཔྱད། །

ཆུ་བུར་སྨིག་རྒྱུ་ཆུ་ཤིང་དང༌། །

སྒྱུ་མ་ལྟ་བུར་མཐོང་བའི་ཚེ། །

དེ་ལའང་ཆགས་པ་བྱར་མེད་པ། །

ཤེས་ནས་རྣམ་རྟོག་དེ་ཡི་རྒྱུན། །

མ་ཡལ་བར་དུ་དེ་བསྐྱང་བྱ། །

ཡལ་ན་ཆེད་དུ་མི་མཐུད་པར། །

སོ་སོར་བརྟག་པ་གཞན་ལ་སྤོ། །

དེ་ལྟར་མི་གཙང་བ་དང་ནི། །

སྙིང་པོ་མེད་པའི་ཕུང་པོ་དེ། །

བྱུང་ནས་མི་སྡོད་སྐད་ཅིག་གིས། །

འཇིག་པ་ལ་ནི་ཡང་དག་བསམ། །

སྔོན་བྱུང་མཐའ་མ་མཆིས་པ་ཡི། །

འཇིག་རྟེན་ཀུན་ཀྱང་ཞིག་གྱུར་ཏེ། །

ད་ལྟ་མ་འོངས་ཀྱང་དེ་འདྲ། །

འདུས་བྱས་ངང་ཚུལ་སྐྱོ་བའི་རྒྱུ། །

སྐྱེ་འགྲོ་ཐམས་ཅད་འཆི་ངེས་ཏེ། །

གློ་བུར་འཆི་བ་ཆ་མེད་ལ། །

སྲིད་པའི་སྣང་བ་འདི་དག་ཀུན། །

གནས་སྐབས་འགྱུར་བ་ཅན་དུ་བསམ། །

མདོར་ན་འདུ་བྱེད་མི་རྟག་པའི། །

རྣམ་པ་ཇི་སྙེད་ཡོད་པ་ལ། །

ཇི་ལྟར་ནུས་པ་རེ་རེ་བཞིན། །

བློ་ཡིས་གསལ་པོར་རིམ་གྱིས་བསམ། །

གང་ཚེ་ཆགས་ཡུལ་ཕུང་པོ་དེ། །

གློག་དང་ཆུ་བུར་སྤྲིན་ལྟ་བུ། །

གཡོ་བ་ཉིད་དུ་མཐོང་བ་ན། །

ཇི་སྲིད་རྣམ་རྟོག་དེ་ཡི་རྒྱུན། །

མ་ཡལ་བར་དུ་དེ་ཉིད་བསམ། །

དེ་ནས་དུ་མར་གྱུར་པ་ཡི། །

ཕུང་པོ་སྐད་ཅིག་རེ་རེར་ཡང༌། །

སྡུག་བསྔལ་ཉིད་ཀྱི་ངོ་བོའམ། །

བདེ་བར་སྣང་ཡང་འགྱུར་བ་དང༌། །

སྡུག་བསྔལ་ཕྱི་མའི་རྒྱུར་འགྱུར་གྱི། །

ཕུང་པོ་སྡུག་བསྔལ་གཞི་ཡིན་ལ། །

སྲིད་ན་མཆིས་པའི་སྡུག་བསྔལ་ཀུན། །

ཇི་ལྟར་ནུས་པ་བསམ་བྱས་ནས། །

དེ་ཀུན་ཕུང་པོའི་སྐྱོན་ཡིན་ཕྱིར། །

ཟག་དང་བཅས་པའི་ཕུང་པོ་ལ། །

ཁབ་རྩེ་ཙམ་གྱི་ཆ་ཤས་ཀྱང༌། །

སྡུག་བསྔལ་སྐྱོན་མེད་མ་མཆིས་པས། །

ཕུང་པོ་འདི་ནི་སྡུག་བསྔལ་གྱི། །

འབྱུང་གནས་མི་གཙང་འདམ་དང་ནི། །

མེ་འོབ་སྲིན་གླིང་འདྲའོ་ཞེས། །

རྟོགས་པ་དེ་ལ་ཇི་སྲིད་གནས། །

དེ་མཐར་སྡུག་བསྔལ་བསྟན་གྱུར་པ། །

དུ་མ་མི་རྟག་ཕུང་པོ་འདིར། །

བདག་ཅེས་བྱ་བ་གང་ཡིན་ཞེས། །

དཔྱད་པས་བདག་གི་སྟོང་པ་ཡི། །

འབབ་ཆུ་ཆར་དང་ཁང་སྟོང་ལྟར། །

མཐོང་ན་ངེས་ཤེས་དེ་ཡི་ངང༌། །

ཇི་སྲིད་མ་ཡལ་དེ་ངང་འདུག །

ཡལ་བར་གྱུར་ཚེ་སླར་ཡང་ནི། །

གོང་བཞིན་རིམ་པས་དཔྱད་པར་བྱ། །

རེས་འགའ་གོ་རིམ་མེད་པར་ཡང༌། །

སྣ་ཚོགས་དཔྱད་པས་གང་རུང་བསམ། །

ཡང་ནས་ཡང་དུ་འདི་དོན་བརྟག །

རེས་འགའ་གཞན་གྱི་ཕུང་པོར་བསམ། །

རེས་འགའ་རང་གི་ཕུང་པོར་བརྟག །

རེས་འགའ་འདུས་བྱས་ཀུན་ལ་དཔྱད། །

གང་ལ་ཆགས་ཀྱང་དེ་སུན་དབྱུང༌། །

མདོར་ན་དཔྱད་པ་འདི་བཞི་པོ། །

མིན་པའི་རྣམ་རྟོག་སྤངས་ནས་སུ། །

དཔྱད་པའི་འཁོར་ལོ་བར་མེད་བསྐོར། །

ཅི་ཙམ་དཔྱད་བཞིན་ངེས་པ་སྐྱེ། །

འདི་འདྲའི་དམིགས་པ་སྣ་ཚོགས་ལ། །

ཤེས་པ་གསལ་པོ་རྒྱུ་བ་ཡིས། །

རྩ་ལ་མཆེད་པའི་མེ་བཞིན་དུ། །

རྒྱུན་མ་ཆད་པར་འཇུག་པར་བྱ། །

སྔོན་ཚེ་བདག་གིས་དུས་ཀུན་ཏུ། །

ཚུལ་མིན་ཡིད་ལ་བྱེད་པ་ཡིས། །

སྣ་ཚོགས་རྟོག་པ་རྒྱུན་འཇུག་པ། །

དེ་ཡི་ཚབ་ཏུ་འདི་བཞག་བྱ། །

གལ་ཏེ་དུབ་པར་གྱུར་ནས་སུ། །

གཉེན་པོའི་དཔྱད་པའང་མི་འཇུག་ལ། །

ཉོན་མོངས་དག་ཀྱང་མི་སྐྱེ་ན། །

བཏང་སྙོམས་ཉིད་དུ་ངལ་གསོ་བྱ། །

རེ་ཞིག་ངལ་བས་སོར་ཆུད་ནས། །

སླར་ཡང་གོང་བཞིན་སོ་སོར་བརྟག །

སོ་སོར་བརྟགས་པའི་རྟོགས་པ་འདི། །

དྲན་བཞིན་ཤེས་བཞིན་ཀུན་ཏུ་གནས། །

གལ་ཏེ་བརྗེད་པར་གྱུར་པའི་སྐབས། །

ཉོན་མོངས་སྐྱེ་བར་གྱུར་པ་ན། །

དགྲ་བོ་མཐོང་ཚེ་མཚོན་བཞིན་དུ། །

སོ་སོར་བརྟག་པ་བླང་བར་བྱ། །

མུན་པ་ལ་ནི་སྣང་བ་བཞིན། །

སོ་སོར་བརྟག་པ་འདི་ལྟ་བུ། །

ཅུང་ཟད་ཀྱིས་ཀྱང་ཉོན་མོངས་ལ། །

གནོད་པ་ཆེན་པོ་སྨྲོས་ཅི་འཚལ། །

འདུས་བྱས་འཁོར་བའི་ཉེས་པ་རྣམས། །

ཅི་ཙམ་མཐོང་བ་དེ་ཙམ་ལ། །

མྱ་ངན་འདས་པ་འདུས་མ་བྱས། །

ཞི་བསིལ་བླ་ན་མེད་པ་ཤེས། །

 

གཉིས་པ་རྒྱུད་ལ་སྐྱེས་པའི་ཚད་ནི།

 

ནམ་ཞིག་གོམས་ནས་རང་གཞན་གྱི། །

ཕུང་པོ་ལྔ་དང་འདུས་བྱས་ཀུན། །

དུ་མ་ཉིད་དང་མི་རྟག་དང༌། །

སྡུག་བསྔལ་ཉིད་དང་བདག་མེད་པ། །

ངང་གིས་ཁོང་དུ་ཆུད་བྱས་ནས། །

ཆེད་དུ་འབད་པ་མེད་པར་ཡང༌། །

སྣང་བ་ཐམས་ཅད་ཧྲལ་ཧྲོལ་དུ། །

གྱུར་ཚེ་ཉོན་མོངས་མགོ་གནོན་འགྱུར། །

ཉོན་མོངས་རླབས་དང་བྲལ་བས་ན། །

དེ་ཚེ་རྙོགས་མེད་ཡིད་ཀྱི་མཚོ། །

རང་དབང་དག་དང་མཐུན་གྱུར་ནས། །

ཞི་གནས་ཏིང་ངེ་འཛིན་ལ་རེག །

རྩེ་གཅིག་སེམས་ཀྱི་དངོས་པོ་ཡི། །

དེ་ཉིད་བལྟས་ན་ལྷག་པར་མཐོང༌། །

འདི་ནི་ཐེག་གསུམ་ཐུན་མོང་གི །

དང་པོར་འཇུག་པའི་ལམ་ཡིན་ནོ། །

 

གསུམ་པ་གོ་དོན་ནི།

 

གང་ཚེ་རྟེན་འབྱུང་སྒྱུ་མ་ལྟའི། །

ཆོས་ཀུན་གདོད་ནས་མ་སྐྱེས་པས། །

ཆོས་བདག་མེད་པའི་སྟོང་ཉིད་ལ། །

ཐ་དད་གཅིག་སོགས་མཐའ་གཉིས་བྲལ། །

དབྱེར་མེད་མཉམ་པ་ཉིད་ཀྱི་དབྱིངས། །

བདེ་བར་གཤེགས་པའི་སྙིངཔོ་འང་དེ། །

དེ་ཉིད་རྟོགས་ན་སྲིད་ཞིའི་མཐར། །

མི་གནས་མྱང་འདས་ཆེན་པོ་འགྲུབ། །

དེ་ནི་མཆོག་ཏུ་དག་དང་བདེ། །

འདུས་མ་བྱས་ཆེན་ཡོངས་སུ་རྟག །

བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །

ཕ་རོལ་ཕྱིན་པ་བླ་ན་མེད། །

བླ་མེད་ངེས་གསང་སྙིང་པོའི་དོན། །

དོན་གྱི་ལྷན་སྐྱེས་བདེ་ཆེན་དབྱིངས། །

རང་བྱུང་ཡེ་ཤེས་ཉིད་ལ་ཐུག །

དེ་ཡི་ངང་ནས་ཆོས་ཀུན་རྫོགས། །

དེ་ཉིད་བླ་མའི་མན་ངག་གིས། །

ཐད་ཀར་ངོ་སྤྲོད་རྫོགས་ཆེན་ལུགས། །

དེ་ཕྱིར་ཐེག་ཆེན་མདོ་དང་སྔགས། །

ཐུན་མོང་ལམ་སྦྱོར་སྔོན་འགྲོ་རུ། །

འདུས་བྱས་འཁྲུལ་པའི་སྦུབ་བཤིགས་ནས། །

སོ་སོར་བརྟག་པའི་ལམ་འདི་བཟང༌། །

དང་པོ་སོ་སོར་བརྟག་པའི་མཐུས། །

ཉོན་མོངས་སྐྱེ་བའི་མཚན་མ་བཤིག །

ཕུང་པོ་སྟོང་པར་ངེས་ཤེས་ནས། །

ཁམས་གསུམ་ལ་སྨོན་ཆགས་པ་བྲལ། །

དེ་ནས་རིམ་བཞིན་དམིགས་མཚན་ཀུན། །

ཉེ་བར་ཞི་བའི་སྟོང་པ་ཉིད། །

སྤང་གཉེན་ཀུན་ལ་མི་སྨོན་པས། །

མཐར་འཛིན་ཆགས་པ་ཀུན་བྲལ་འགྱུར། །

ཆགས་མེད་སྙིང་རྗེས་རྣམ་ཆགས་པས། །

ཆོས་དབྱིངས་མཁའ་ལ་བྱ་བཞིན་དུ། །

སྲིད་པར་འཇིགས་མེད་གང་རྒྱུ་བ། །

རྒྱལ་སྲས་མཆོག་གི་གོ་འཕང་ཐོབ། །

འདི་ལྟར་འཕགས་པའི་ལུང་བཞིན་དུ། །

ཞི་ལྷག་ལམ་གྱི་སྔོན་འགྲོ་རུ། །

སེམས་ཀྱི་དཔྱོད་པ་རྣམ་སྦྱོང་བའི། །

ཐེག་གསུམ་ལམ་གྱི་གལ་གནད་བཤད། །

སེམས་ཀྱི་དཔྱོད་པ་རྣམ་སྦྱོང་བའི། །

སོ་སོར་བརྟག་པ་ཇི་གོམས་པ། །

དེ་ལྟ་དེ་ལྟར་ཉོན་མོངས་ཆུང༌། །

ཉོན་མོངས་ཇི་ཙམ་སྲབ་པ་བཞིན། །

དེ་ལྟར་ཞི་གནས་འགྲུབ་པ་སླ། །

ཇི་ལྟར་མེ་ཡིས་སྦྱོང་བའི་གསེར། །

ཤིན་ཏུ་བརྡུང་བ་རུང་བ་བཞིན། །

ཆགས་མེད་སེམས་ཀྱང་དེ་བཞིན་ནོ། །

གང་གིས་ལྷ་ཡི་ལོ་སྟོང་དུ། །

དཀོན་མཆོག་གསུམ་ལ་ཅི་དགོས་པའི། །

ཡོ་བྱད་ཐམས་ཅད་སྦྱིན་པ་བས། །

གང་གཞན་སེ་གོལ་གཏོགས་ཙམ་དུ། །

མི་རྟག་སྟོང་པ་བདག་མེད་པ། །

དཔྱོད་ན་སྔ་མའི་བསོད་ནམས་ལས། །

གྲངས་མེད་འཕགས་པར་མདོ་ལས་གསུངས། །

ཐེག་ཆེན་ཆོས་ཀྱི་སྡོམ་བཞི་པོ། །

བརྗོད་ན་ཆོས་ཕུང་བརྒྱད་ཁྲི་དང༌། །

བཞི་སྟོང་རྟོགས་པར་མཉམ་གསུངས་ཕྱིར། །

འདི་བཤད་འདི་དོན་ལེགས་བསྒོམས་ན། །

མདོ་སྡེ་བྱེ་བ་བརྒྱ་མང་པོའི། །

དོན་གནད་ཚུལ་བཞིན་བསྡོམ་པའི་ཕྱིར། །

ཟབ་དང་རྒྱ་ཆེའི་ཤེས་རབ་མཛོད། །

ཚེགས་མེད་ཐོབ་ནས་མྱུར་དུ་གྲོལ། །

འདི་བཤད་དགེ་བས་སྙིགས་མ་ཡི། །

སྐྱོན་གྱིས་ལྷག་པར་གཙེས་པ་རྣམས། །

ཆགས་བྲལ་ཆོས་ཀྱི་བདུད་རྩིའི་མཐུས། །

ཞི་བའི་གོ་འཕང་རེག་གྱུར་ཅིག །

 

ལྕགས་ཡོས་སྨིན་ཟླའི་ཚེས་བཅོ་བརྒྱད་ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་མངྒ་ལཾ། །

 

Mipham Rinpoche

Mipham Rinpoche Series

 

Further Information: