The Excellent Stream of Nectar of Immortality—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ། | བོད་ཀྱི་བླ་མ།བསོད་རྒྱལ་རིན་པོ་ཆེ།

English | Español | Français | བོད་ཡིག

ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ།

བསོད་རྒྱལ་རིན་པོ་ཆེ།

༄༅། །ཀུན་མཁྱེན་བླ་མ་རིན་པོ་ཆེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་ནུབ་གླིང་དུ་རྒྱལ་བསྟན་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་བསོད་རྒྱལ་མཆོག་སྤྲུལ་རིན་པོ་ཆེར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་བཞུགས།

 

ཨོཾ་སྭསྟི་སིདྡྷི་རྦྷ་བ་ཏུ། །

ཀུན་ཁྱབ་དང་པོའི་སངས་རྒྱས་ཀུན་ཏུ་བཟང༌། །

སྟོན་པ་བཅུ་གཉིས་བསྐལ་བཟང་སངས་རྒྱས་སྟོང༌། །

མཁའ་ཁྱབ་དགོངས་བརྒྱུད་དག་མཉམ་ཆེན་པོ་ཡིས། །

རྟག་བརྟན་འཕོ་མེད་རྡོ་རྗེའི་བྱིན་ཕོབ་ལ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

རིག་མཆོག་གསུམ་དང་རིགས་ཅན་དྲ་མ་ལྔ། །

རྒྱལ་པོ་ཛྭ་གསུམ་ཀུ་ཀུ་བདེ་བ་མོ། །

བརྡ་བརྒྱུད་ལྷ་ཀླུ་མི་ཡི་ཚོམ་བུ་ལྟར། །

གཉིས་མེད་མཉམ་པ་ཆེན་པོའི་ཀློང་ཡངས་ནས། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

དགའ་རབ་འཇམ་དཔལ་ཤྲཱི་སིང་ཡེ་ཤེས་མདོ། །

མཁས་པ་ཉེར་གཅིག་སེམས་ཀློང་མན་ངག་གི །

སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་དབང་ཐོབ་པ། །

རིག་འཛིན་བླ་མའི་ཚོགས་ཀྱི་བྱིན་ནུས་ཀྱིས། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

འཆི་མེད་པདྨ་ཀཱ་ར་རྗེ་འབངས་གྲོགས། །

མཆོག་གཉིས་རྒྱལ་པོ་ལྔ་དང་གླིང་ཉེར་ལྔ། །

ནུས་ལྡན་ཉེར་གཅིག་གཏེར་ཆེན་བརྒྱ་རྩ་དང༌། །

གཏེར་ཕྲན་སྟོང་གི་གསང་མཛོད་ལ་དབང་བའི། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་ཡུམ། །

རྣམ་པར་རྒྱལ་མ་འཆི་མེད་བི་མ་ལ། །

ཐང་རྒྱལ་མནྡ་རཱ་བ་མཚོ་རྒྱལ་སོགས། །

ཚེ་ལྷ་རབ་འབྱམས་རྒྱ་མཚོའི་མཐུ་བྱིན་གྱིས། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོའི་བསྒྱུར། །

ཟབ་གཏེར་ནམ་མཁའ་མཛོད་ལ་དབང་བསྒྱུར་བ། །

གཏེར་ཆེན་ལས་རབ་གླིང་པའི་ཐུགས་རྗེའི་གཟུགས། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

འཇམ་དཔལ་བདུད་དགྲའི་དབང་པོ་མི་ཡི་གར། །

པདྨ་ཡེ་ཤེས་རྡོ་རྗེའི་གསང་གསུམ་གྱིས། །

བྱིན་རླབས་དབང་བསྐུར་ཐོབ་པའི་རིག་པ་འཛིན། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

པད་མས་ཟབ་གཏེར་སྐྱོངས་ལ་དབང་བསྐུར་ཞིང༌། །

སྙིགས་མའི་དུས་ཀྱི་རྒྱལ་བ་རྡོ་རྗེ་འཆང༌། །

འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྒྱལ་ཚབ་ཆེ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་ཞིང༌། །

མཁས་གྲུབ་རིག་འཛིན་བྱེ་བའི་གཙུག་གི་རྒྱན། །

ཀུན་མཁྱེན་རབ་གསལ་ཟླ་བའི་ཐུགས་སྲས་གཙོ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

སྡེ་གསུམ་ཀློང་དགུའི་ཤིང་རྟ་ཀློང་ཆེན་དང༌། །

རྣམ་དབྱེར་མ་འཆིས་འཇམ་དབྱངས་རྡོ་རྗེ་ཡིས། །

དགོངས་པའི་གསང་མཛོད་འཛིན་པར་བཀས་གནང་བ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

ཐོས་པས་རྒྱུད་གྲོལ་དགོངས་པས་དེ་ཉིད་རྟོགས། །

གཞན་དོན་བརྩེ་བ་ཆེན་པོའི་ལྷུར་ལེན་ཅིང༌། །

མཁྱེན་བརྩེ་ནུས་གསུམ་ལྡན་པའི་བླ་མ་རྗེ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

ནུབ་ཕྱོགས་མུན་པའི་སྨག་ཏུ་རྒྱལ་བསྟན་གྱི། །

སྣང་བའི་སྒོ་ཆེན་ཐོག་མར་ཕྱེ་བ་དང༌། །

དམ་པའི་ཆོས་ཀྱི་གྲུ་ཆར་འབེབས་མཁས་པ། །

སྤྲུལ་པའི་སྐུ་མཆོག་བསོད་ནམས་རྒྱལ་མཚན་གྱི། །

སྐུ་ཚེ་རྟག་བརྟན་བཞེད་དོན་ལྷུན་འགྲུབ་ཤོག །

 

འཕོ་བཅས་རྩ་ཐིག་རླུང་གསུམ་གཉུག་མའི་ཁམས། །

འཕོ་མེད་བདེ་བ་ཆེན་པོར་རྒྱས་བཏབ་ནས། །

གོས་དཀར་རལ་པའི་ཅོད་པན་འཆང་བཞིན་དུ། །

ཞབས་པད་སེང་གེའི་ཁྲི་ལ་གཡོ་མེད་གསོལ། །

 

ཚངས་དབྱངས་འགག་པ་མེད་པ་རྡོ་རྗེའི་གསུང༌། །

འགྲོ་བློའི་བསམ་པ་དང་མཐུན་ཟབ་གསང་གི།

ཆོས་འཁོར་རྒྱུན་མི་ཆད་པ་བསྐོར་བཞིན་དུ། །

བསྐལ་པ་རྒྱ་མཚོའི་བར་དུ་བརྟན་གྱུར་ཅིག །

 

སྤྲོས་བྲལ་འགྱུར་མེད་ནམ་མཁའ་ལྟ་བུའི་ཐུགས། །

སྐྱེ་འཆི་མཚན་མས་སྒྲིབ་པ་མེད་བཞིན་དུ། །

ཉི་ཟླའི་སྣང་བ་ནུབ་མེད་དེ་སྲིད་བར། །

འགྱུར་མེད་རྡོ་རྗེའི་ཁམས་སུ་བརྟན་བཞུགས་གསོལ། །

 

དེ་དག་ལ་འཁུ་མ་རུང་འབྱུང་པོའི་ཚོགས། །

དཔལ་ཆེན་རྡོ་རྗེ་གཞོན་ནུའི་མཐུ་སྟོབས་ཀྱིས། །

མིང་གི་ལྷག་མར་བྱས་དང་ཆབས་ཅིག་ཏུ། །

ཚེ་དཔག་མེད་པས་མངོན་པར་དབང་བསྐུར་ཞིང༌། །

པདྨ་སཾ་བྷས་ཤིས་པའི་མེ་ཏོག་འཐོར། །

དབྱིངས་ཀྱི་རྒྱལ་མོ་ཁྲག་མིག་རག་གདོང་མས། །

བསྲུང་སྐྱོབས་བྱིན་གྱིས་བརློབ་ལ་མེལ་ཚེ་མཛོད། །

 

ཅེས་པའང་རབ་བྱུང་༡༧པའི་ཆུ་ལུག་ལོར་ཕ་རན་སི་དཔལ་ལས་རབ་གླིང་གི་ཆོས་སྒར་དུ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ནོར་སྒྲུབ་རིན་ཆེན་བུམ་བཟང་གི་སྒོ་ནས་ཕྱྭ་གཡང་ལོངས་སྤྱོད་སྤེལ་བའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་བགྱིས་པའི་དགའ་སྟོན་རྟེན་འབྲེལ་གྱི་གནང་སྦྱིན་སྩལ་བའི་མཛད་སྒོའི་རྗེས་ཐོག་དེ་མ་ཐག་ཏུ་རིག་འཛིན་ཆེན་པོ་རང་ཉིད་ཀྱི་རྡོ་རྗེའི་གཟུངས་མར་བཀས་གནང་བའི་ཌ་ཀི་མ་གསུམ་ནས་ལྷ་རྫས་སྲིད་དུ་རིང་བ་དང་རིན་ཆེན་གཉིས་པ་ལས་གྲུབ་པའི་བཀྲ་ཤིས་རྟགས་ཀྱི་རེ་ཁ་ཚོན་གང་བ་ཞིག་སྩལ་ཏེ་ཁྱོད་ནས་བསོད་རྒྱལ་རིན་པོ་ཆེར་ཞབས་བརྟན་ཞིག་བརྩམ་ན་དགེ་མཚན་ཆེ་ཚུལ་ཕེབས་པས་སྤྲོ་བ་རབ་ཏུ་བརྟས་ཏེ་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེ་དང༌། རྒྱལ་དབང་ཀརྨ་པ་སོགས་དམ་པ་དུ་མས་སྟག་ཤམ་བསམ་གཏན་གླིང་པའི་ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་ཆེན་སྤྲུལ་སྐུ་ལུང་གི་ཟིན་ཀྱང༌། དོན་དུ་འདོད་ཡོན་ལས་བསམ་དུ་མེད་པའི་གང་ཟག་དཔལ་ས་སྐྱ་པའི་བདག་ཆེན་ཕུན་ཚོགས་ཕོ་བྲང་ནས་ཨོ་རྒྱན་བསོད་ནམས་སྟོབས་རྒྱལ་ཞེས་མིང་སྩལ་བ་ནས་བཟུང་རྒྱལ་ཁམས་ཀུན་ནས་ཨོ་རྒྱན་སྟོབས་རྒྱལ་ཞེས་འབོད་པའི་ཐ་ཤལ་བ་དེས་གང་བསམ་ཚིག་གི་ཕྲེང་བ་དཀར་ཤོག་གི་ངོས་སུ་སྣང་བར་བྱས་པ་དོན་དང་ལྡན་པར་གྱུར་ཅིག་སརྦ་མངྒ་ལཾ།།  །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept