Prayer to Khandro Tsering Chödrön—Tibetan

Prayers | Tibetan MastersOrgyen Tobgyal Rinpoche | Tibetan MastersKhandro Tsering Chödrön

English | Deutsch | Español | Français | བོད་ཡིག

༈ ན་མོ་གུ་ར་ཝེ།

ཕྱི་ལྟར་ཚངས་པའི་བུ་མོ་དབྱངས་ཅན་མ།  །

ནང་ལྟར་ཨ་རྱཏ་རེ་མི་མོའི་གཟུགས།  །

གསང་བ་ལྷན་སྐྱེས་བཛྲ་བཱ་ར་ཧི།  །

ཀུན་འདུས་ལྭ་དཀར་ཌཱཀི་རྒྱལ་འགྱུར་ཅིག  །

ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀའ།  །

གཏེར་འབྱིན་སྒྲུབ་པའི་འཁོར་ལོའི་སྒྱུར་རྣམས་ཀྱིས།  །

ཤེལ་དཀར་རྡོ་རྗེ་མཚོ་ཡི་རྣམ་སྤྲུལ་དུ།  །

རྩོད་མེད་ལུང་གིས་སྔགས་ལ་གསོལ་བ་འདེབས།  །

རྡོ་རྗེ་ལུང་གིས་ཟིན་པ་ཇི་བཞིན་དུ།  །

ཐབས་མཆོག་པདྨ་ཡེ་ཤེས་རྡོ་རྗེ་ཡི།  །

ཤེས་རབ་སྟོང་པའི་ཕྱག་རྒྱར་ཉམས་སྦྱོར་བའི།  །

བདེ་ཆེན་དགའ་བཞིའི་བདག་མོར་གསོལ་བ་འདེབས།  །

བླ་མ་ཡབ་ཡུམ་དབྱེར་མེད་མོས་གུས་ཀྱིས།  །

སྙིང་ནས་གསོལ་བ་འདེབས་པའི་གང་ཟག་ལ།  །

བདེ་སྟོང་ཙཎྜ་ལི་ཡི་རྒྱུད་བསྐུལ་ཏེ།  །

བདེ་དྲོད་ཡེ་ཤེས་འབར་བར་བྱིན་གྱི་རློབས།  །

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།  །

བློ་སྣ་དམ་པའི་ཆོས་སུ་འགྲོ་བ་དང༌།  །

ཆོས་ཡང་ལམ་སློང་འཁྲུལ་སྣང་ཡེ་ཤེས་སུ།  །

དག་ནས་བྱང་ཆུབ་སེམས་མཆོག་སྦྱོང་བར་ཤོག  །

སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུངས།  །

དུས་དང་རྣམ་པ་ཀུན་ཏུ་བྱིན་གྱིས་རློབས།  །

འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ།  །

རེ་ས་ཁྱེད་ལས་མེད་དོ་རྗེ་བཙུན་མ།  །

ཅེས་པའང་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་མཆོག་ཀ་དག་གཞོན་ནུ་བུམ་སྐུའི་ཀློང་དུ་ཐིམ་ཤོར་བའི་ཚེ།  གང་ཉིད་ཀྱི་དགྱེས་བཞིན་དུ་སྐྱོང་བའི་འབངས་ཨོ་རྒྱན་སྟོབས་རྒྱལ་པས་སེམས་ནས་གང་དྲན་གསོལ་བ་བཏབ་པ་ཉི་མ་ཁ་ཤས་ཀྱི་རྗེས་དཀར་ཤོག་གི་ངོས་སུ་སྣང་བར་བྱས་པའོ།  །

• Download this text: EPUB MOBI PDF