The Ritual of the Bodhisattva Vow—Tibetan

Bodhicitta | Nyingma Mönlam | Tibetan Mastersདཔལ་སྤྲུལ་རིན་པོ་ཆེ། | Tibetan Mastersབྱ་བྲལ་སངས་རྒྱས་རྡོ་རྗེ།

English | Español | Français | བོད་ཡིག

དཔལ་སྤྲུལ་རིན་པོ་ཆེ།

Buddha Śākyamuni

Further Information:

༄༅། །བྱང་སྡོམ་བླང་ཆོག་དཔལ་སྤྲུལ་གསུང་རྒྱུན་ལྟར་བཀོད་པ་བཞུགས་སོ། །

༄༅། །ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་སྡོམ་བླང་བའི་ཐོག་མར།

དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།

བདེ་བར་གཤེགས་པ།

འཇིག་རྟེན་མཁྱེན་པ།

སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།

བླ་ན་མེད་པ།

ལྷ་དང་མི་རྣམས་ཀྱི་སྟོན་པ་

སངས་རྒྱས་བཅོམ་ལྡན་འདས་ཏེ།

དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།

དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།

བཟོད་པས་རབ་ཏུ་བརྒྱན་པ།

བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི།

དཔེ་བྱད་བཟང་པོ་རྣམས་ཀྱི་སྤྲས་པ།

མཚན་རྣམས་ཀྱི་མེ་ཏོག་རྒྱས་པ།

སྤྱོད་ཡུལ་རན་པར་མཐུན་པ།

མཐོང་ན་མི་མཐུན་པ་མེད་པ།

དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ།

ཤེས་རབ་ཟིལ་གྱིས་མི་གནོན་པ།

སྟོབས་རྣམས་ལ་བརྫི་བ་མེད་པ།

སེམས་ཅན་ཐམས་ཅད་ཀྱི་སྟོན་པ།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།

འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།

མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།

ཡེ་ཤེས་དཔག་ཏུ་མེད་པ།

སྤོབས་པ་བསམ་གྱིས་མི་ཁྱབ་པ།

གསུང་རྣམ་པར་དག་པ།

དབྱངས་སྙན་པ།

སྐུ་བྱད་བལྟ་བས་ཆོག་མི་ཤེས་པ།

སྐུ་མཚུངས་པ་མེད་པ།

འདོད་པ་དག་གིས་མ་གོས་པ།

གཟུགས་དག་གིས་ཉེ་བར་མ་གོས་པ།

གཟུགས་མེད་པ་དག་དང་མ་འདྲེས་པ།

སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ།

ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ།

ཁམས་རྣམས་དང་མི་ལྡན་པ།

སྐྱེ་མཆེད་རྣམས་བསྡམས་པ།

མདུད་པ་རྣམས་ཤིན་ཏུ་བཅད་པ།

ཡོངས་སུ་གདུང་བ་དག་ལས་རྣམ་པར་སྒྲོལ་བ།

སྲིད་པ་ལས་གྲོལ་བ།

ཆུ་བོ་ལས་བརྒལ་བ།

ཡེ་ཤེས་ཡོངས་སུ་རྫོགས་པ།

འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།

མྱ་ངན་ལས་འདས་པ་ལ་མི་གནས་པ།

ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།

སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།

འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །

 

དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ།

དོན་བཟང་པོ།

ཚིག་འབྲུ་བཟང་པོ།

མ་འདྲེས་པ།

ཡོངས་སུ་རྫོགས་པ།

ཡོངས་སུ་དག་པ།

ཡོངས་སུ་བྱང་བ།

བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ།

ཡང་དག་པར་མཐོང་བ།

ནད་མེད་པ།

དུས་ཆད་པ་མེད་པ།

ཉེ་བར་གཏོད་པ།

འདི་མཐོང་བ་ལ་དོན་ཡོད་པ།

མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ།

བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ།

ངེས་པར་འབྱུང་བ།

རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།

མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ།

བརྟེན་པ་ཡོད་པ།

རྒྱུ་བ་བཅད་པའོ། །

 

ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ།

རིགས་པར་ཞུགས་པ།

དྲང་པོར་ཞུགས་པ།

མཐུན་པར་ཞུགས་པ།

ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།

ཕྱག་བྱ་བའི་འོས་སུ་གྱུར་པ།

བསོད་ནམས་ཀྱི་དཔལ་གྱི་ཞིང༌།

ཡོན་ཡོངས་སུ་སྦྱོང་བ་ཆེན་པོ།

སྦྱིན་པའི་གནས་སུ་གྱུར་པ།

ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ།

 

མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །

ཐམས་ཅད་མཁྱེན་པ་སྟོན་པ་པོ། །

བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །

དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །

 

དག་པ་འདོད་ཆགས་བྲལ་བའི་རྒྱུ། །

དགེ་བས་ངན་སོང་ལས་གྲོལ་ཞིང༌། །

གཅིག་ཏུ་དོན་དམ་མཆོག་གྱུར་པ། །

ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །

 

གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །

བསླབ་པ་དག་ལ་རབ་ཏུ་གུས། །

ཞིང་གི་དམ་པ་ཡོན་ཏན་ལྡན། །

དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །

 

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།

སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །

དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །

གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །

 

སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །

ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །

དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །

བསམ་མི་ཁྱབ་ལ་དད་བྱས་པའི། །

རྣམ་པར་སྨིན་པའང་བསམ་མི་ཁྱབ། །

རྣམ་དག་ཞིང་དུ་སྐྱེ་བར་ཤོག །

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་དེ་ལྡན་གང་ཟག་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་དུ་གུས་ཤིང་སྐྱབས་སུ་གསོལ་བ་ནི།

ངན་འགྲོ་ལས་ནི་ཟློག་བགྱིད་ཅིང༌། །

མཐོ་རིས་ལམ་ནི་རབ་སྟོན་ལ། །

རྒ་ཤི་མེད་པར་འདྲེན་བགྱིད་པ། །

བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །

སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །

གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །

བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །

དེ་ནས་ས་གཞི་བྱིན་གྱིས་བརླབས་པ་ནི།

དཀོན་མཆོག་གསུམ་གྱི་བདེན་པ་དང༌།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌།

ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌།

ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས།

དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར།

ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟཱ་ཡ་ཨཱ་ཝརྟཱ་ཡ་ཧོ་སྥ་ར་ཎ་ཁཾ།

ལན་གསུམ།

མཆོད་པ་བྱིན་གྱིས་བརླབ་པ་ནི།

ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ལན་གསུམ།

མཆོད་པའི་སྤྲིན་གཟུངས་ནི།

ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ། མཧཱ་ཏེ་ཛྭ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱཧཱ།

ལན་གསུམ།

དེ་ནས་རྒྱལ་བ་འཁོར་བཅས་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲེན་པ་ནི།

ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །

ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །

དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །

འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །

མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །

བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །

དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །

བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །

བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །

འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །

སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །

ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །

དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །

རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །

མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །

ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །

ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །

བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །

ཉི་མ་ལས་ལྷག་གཟི་བརྗིད་ཆེ། །

དད་པས་སྤྱན་ནི་དྲང་བར་བགྱི། །

ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །

དུལ་ཞིང་བསམ་གཏན་ས་ལ་བཞུགས། །

ཆོས་དང་ཡེ་ཤེས་ཆགས་བྲལ་བ། །

ཀུན་ཏུ་མི་བཟད་ནུས་པར་ལྡན།

ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ།

ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །

ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །

མཆོད་པའི་གནས་འདིར་གཤེགས་སུ་གསོལ། །

ཞེས་སྤྱན་དྲངས།

བཞུགས་གསོལ་ནི།

བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །

བདག་ཅག་བསོད་ནམས་སྐལ་བར་ལྡན། །

བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །

ཐུགས་ལ་དགོངས་ཤིང་གནང་བར་མཛོད། །

གདན་འབུལ་བ་ནི།

པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་བརྗོད༌། 

དེ་ནས་སྦྱོར་བ་ཚོགས་གསོག་ཡན་ལག་བདུན་གྱི་

དང་པོ་ཕྱག་འཚལ་བའི་ཡན་ལག་ནི།

བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །

དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །

སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པས། །

བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་དང༌། ཚིགས་སུ་བཅད་པ་གཅིག་པ་ནི།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །

འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །

ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །

རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །

ཅེས་དང༌། ཚིགས་སུ་བཅད་པ་བཞི་པ་ནི།

སྐུར་གྱུར་པ་ནི་ཐམས་ཅད་ལའང༌། །

མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །

རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །

རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །

 

རྫོགས་སངས་གང་དུ་བལྟམས་པ་དང༌། །

གང་དུ་བྱང་ཆུབ་ལ་རེག་དང༌། །

ཞི་བའི་འཁོར་ལོ་སྐོར་བ་དང༌། །

ཟག་མེད་མྱ་ངན་འདས་པ་དང༌། །

 

བདེ་གཤེགས་གང་དུ་བཞུགས་པ་དང༌། །

འཆག་པ་དང་ནི་བཞེངས་པ་དང༌། །

སེང་གེ་ལྟ་བུར་གཟིམས་པ་ཡི། །

གནས་དེ་ལ་ནི་བདག་ཕྱག་འཚལ། །

 

སྟེང་དང་འོག་དང་བར་དག་དང༌། །

ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །

སྐུར་བཅས་སྐུ་ནི་མེད་པ་ཡི། །

མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །

དེ་ལྟར་ཚིགས་བཅད་བསྟོད་པ་གཉིས་རེས་མོས་ཀྱིས་འདོན་པར་བྱ།

དེ་ནས་ཐུབ་པའི་མཛད་བཅུའི་བསྟོད་པ་ཆེ་བ་ནི།

སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །

གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །

བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང༌། །

དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །

མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །

 

ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །

ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང༌། །

རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི། །

ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །

 

ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །

བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །

ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །

བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །

 

གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །

ཨ་གྷ་མ་ག་དྷར་ནི་སྒྱུ་རྩལ་བསྟན། །

སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །

འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །

 

འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང༌། །

ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །

འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །

རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །

 

འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །

ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌། །

མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །

རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །

 

བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི། །

ནཻརཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །

དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས། །

བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །

 

ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །

མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །

སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །

བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །

 

ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །

ཝཱ་ར་ཎཱ་སི་ལ་སོགས་གནས་མཆོག་ཏུ། །

ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །

ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །

 

གཞན་གྱིས་རྒོལ་བ་ངན་པ་ཚར་བཅད་ཕྱིར། །

མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །

འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །

ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །

 

སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི། །

མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །

ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །

བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །

 

ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར། །

རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །

འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །

 

ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང༌། །

མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །

དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །

སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །

 ༈  ཐུབ་བསྟོད་ཆུང་བ་ནི།

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །

ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །

དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །

 

དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །

རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །

ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །

བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །

 

གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །

ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །

སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །

སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །

 

གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །

མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ། །

ནཻརཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །

སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །

 

རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །

ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །

མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །

མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །

 

ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །

ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །

རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །

ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །

 

འདི་ལྟར་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། །

མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །

དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །

བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །

 

བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །

འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །

ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

 

ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །

བདག་སོགས་གང་ན་གནས་པའི་ས་ཕྱོགས་སུ། །

ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

ཞེས་དང༌། སྤྲོ་ན།

 ༈ ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་བསྟོད་པ་ནི།

དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །

བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །

ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །

སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །

འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །

ལྷུམས་ཀྱི་གེ་སར་བཞད་པ་ལུམྦིའི་ཚལ། །

ཚངས་དང་དབང་པོས་སྲི་ཞུས་མཛེས་བྱས་ཤིང༌། །

བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །

 

ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །

སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །

ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡི། །

སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །

འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །

ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །

སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །

བསྐྱངས་པས་དོན་ཀུན་གྲུབ་ལ་ཕྱག་འཚལ། །

 

ཤིན་ཏུ་གཡོ་ཞིང་འཇིགས་པ་རྒྱལ་སྲིད་ཀྱི། །

ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང༌། །

ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱེད་ཀྱི་ཐུགས། །

ཕྲོགས་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །

བརྩོན་འགྲུས་རླབས་ཀྱིས་མི་ངལ་ནཻ་རཉྫར། །

དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང༌། །

ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །

ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །

 

གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །

ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །

བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །

མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །

འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །

རྒྱུག་པའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །

བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །

གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །

 

རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང༌། །

འཐུངས་པས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །

མཉན་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །

སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །

རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །

སྐྱེ་རྒ་ན་འཆིའི་ཚོར་བ་མི་མྱོང་ཡང༌། །

ངེས་པར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །

སྐྱོ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །

 

བསོད་ནམས་ཉམ་ཆུང་གྱུར་པའི་འགྲོ་བ་རྣམས། །

དཀར་པོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །

མཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །

བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །

བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །

ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །

མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །

ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །

དེ་ལྟར་མཛད་བཅུའི་བསྟོད་པ་རྒྱས་འབྲིང་བསྡུས་པ་གང་རུང་རེས་ཆོག །

༈ ཡང་བཟང་སྤྱོད་ཡན་ལག་བདུན་པའི་ཕྱག་འཚལ་བ་ནི།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །

དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །

ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །

རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །

སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །

ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

གཉིས་པ་མཆོད་པའི་ཡན་ལག་ནི།

རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །

དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །

དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །

ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །

དེ་ནས་མཎྜལ་འབུལ་བ་ནི།

ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། །

གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། །

ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། །

ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། །

རིའི་རྒྱལ་པོ་རི་རབ། །

ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང༌། །

ནུབ་བ་ལང་སྤྱོད། །བྱང་སྒྲ་མི་སྙན། །

ལུས་དང་ལུས་འཕགས། །རྔ་ཡབ་དང་རྔ་ཡབ་གཞན། །

གཡོ་ལྡན་དང་ལམ་མཆོག་འགྲོ། །

སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། །

 

རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང༌། །

འདོད་འཇོའི་བ། །མ་རྨོས་པའི་ལོ་ཏོག །

འཁོར་ལོ་རིན་པོ་ཆེ། །ནོར་བུ་རིན་པོ་ཆེ། །

བཙུན་མོ་རིན་པོ་ཆེ། །བློན་པོ་རིན་པོ་ཆེ། །

གླང་པོ་རིན་པོ་ཆེ། །རྟ་མཆོག་རིན་པོ་ཆེ། །

དམག་དཔོན་རིན་པོ་ཆེ། །གཏེར་ཆེན་པོའི་བུམ་པ། །

 

སྒེག་པ་མ། །ཕྲེང་བ་མ། །

གླུ་མ། །གར་མ། །

མེ་ཏོག་མ། །བདུག་སྤོས་མ། །

སྣང་གསལ་མ། །དྲི་ཆབ་མ། །

 

ཉི་མ། །ཟླ་བ། །རིན་པོ་ཆེའི་གདུགས། །

ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། །

 

ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་

འདི་ཉིད་

དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །

ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །

བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ།

ཞེས་བླ་མ་འཕགས་པའི་ལུགས་དང༌། སྤྲོ་ན་སྙིང་ཐིག་རང་གཞུང་སྐུ་གསུམ་མཎྜལ་ནི།

ཨོཾ་ཨཱཿཧཱུྂ༔

སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང༔

རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས༔

བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིས༔

ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག༔

འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང༔

ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔

འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔

ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔

སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔

ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་རྒྱན༔

སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང༔

ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔

ཅེས་སྐུ་གསུམ་མཎྜལ་འདི་མ་བཏོན་ཀྱང་ཆད་སྐྱོན་དུ་མི་འགྱུར་སྙམ།

གང་ལྟར་ཡང་འདོད་གསོལ་

སྨོན་ལམ་ནི།

སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །

ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད། །

བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ནས། །

བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །

ཞེས་དང༌།

མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བས། །

བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །

དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང༌། །

སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌། །

ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །

ཞེས་དང༌། དེ་ནས།

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

ལུས་འབུལ་བ་ནི།

བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ལ། །

བདག་གི་སྒོ་གསུམ་གཏན་དུ་དབུལ་བར་བགྱི། །

སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །

གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །

བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །

སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །

སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །

སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི།

བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།

བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་ཆིས་པ་ནས།

ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌།

གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌།

མཚམས་མེད་པ་ལྔ་བགྱིས་པ་དང༌།

དེ་དང་ཉེ་བ་ལྔ་བགྱིས་པ་དང༌།

སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌།

བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌།

ཕ་དང་མ་ལ་མ་གུས་པ་དང༌།

མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌།

གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌།

 

དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌།

དམ་པའི་ཆོས་སྤངས་པ་དང༌།

འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌།

སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌།

བགྱིད་དུ་སྩལ་བ་དང༌།

གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པ་གེགས་སུ་གྱུར་ཅིང༌།

འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །

 

མི་ཆབ་བོ། །

མི་སྦེད་དོ། །

ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །

མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི།

མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །

ཞེས་དང༌། དེ་ནས།

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །

ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །

དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

ཞེས་དང༌། བཞི་པ་རྗེས་སུ་ཡི་རང་སོགས་ཡན་ལག་ལྷག་མ་བཞི་ནི།

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །

རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །

དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །

གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །

བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །

འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །

འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །

བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག

སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་བྲལ་བར་གྱུར་ཅིག

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག

ལུས་དང་དེ་བཞིན་ལོངས་སྤྱོད་དང་། །

དུས་གསུམ་དགེ་བའི་དངོས་པོ་རྣམས། །

སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

ཕངས་པ་མེད་པར་བཏང་བར་བྱ། །

དེ་ནས་དགོངས་གསོལ་སྔོན་དུ་འགྲོ་བ་ནི།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། །

ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། །

བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །

ཞེས་དང༌། དེ་ནས་དངོས་གཞི་སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ནི།

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །

བྱང་ཆུབ་ཐུགས་ནི་སྐྱེད་པ་དང༌། །

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །

དེ་དག་རིམ་བཞིན་གནས་པ་ལྟར། །

 

དེ་བཞིན་འགྲོ་ལ་ཕན་དོན་དུ། །

བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །

དེ་བཞིན་དུ་ནི་བསླབ་པ་ལའང༌། །

རིམ་པ་བཞིན་དུ་བསླབ་པར་བགྱི། །

ཞེས་སྦྲེལ་བ་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། མཇུག་ཏུ་གཟེངས་བསྟོད་ཅིང་དགའ་བ་བསྒོམ་པ་ནི།

དེང་དུས་བདག་ཚེ་འབྲས་བུ་ཡོད། །

མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

སངས་རྒྱས་སྲས་སུ་ད་གྱུར་ཏོ། །

 

ད་ནི་བདག་གིས་ཅི་ནས་ཀྱང༌། །

རིགས་དང་མཐུན་པའི་ལས་བརྩམས་ཏེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

རྙོག་པར་མི་འགྱུར་དེ་ལྟར་བྱ། །

 

ལོང་བས་ཕྱག་དར་ཕུང་པོ་ལས། །

ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

དེ་བཞིན་ཇི་ཞིག་ལྟར་སྟེས་ན། །

བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །

ཞེས་དང༌།

བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

ཞེས་དང༌། སྨོན་ལམ་གྱི་རིམ་པ་ནི།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

སྐྱེས་པ་ཉམས་པ་མེད་པ་དང༌། །

གོང་ནས་གོང་དུ་འཕེལ་བར་ཤོག །

 

བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །

བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །

སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །

བདུད་ཀྱི་ལས་རྣམས་སྤོང་བར་ཤོག །

ཞེས་དང༌།

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །

འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །

མགོན་པོ་ཡིས་ནི་གང་དགོངས་པ། །

སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །

 

སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །

བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །

དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །

རྗེས་འབྲེལ་དུ་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདོན་པ་ནི།

དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །

ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ།

ལན་གསུམ་མམ་བདུན་བརྗོད་དོ། །

དེ་ནས་སྨོན་ལམ་གྱི་རིམ་པ་ནི།

བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །

ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །

འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག །

ཉོན་མོངས་པས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་རེག་པར་གནས་པར་གྱུར་ཅིག །

ཅེས་དང༌།

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །

ཚུལ་ཁྲིམས་རྣམས་པར་དག་དང་ལྡན། །

རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །

ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །

ཅེས་དང༌།

རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །

བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །

ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །

རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །

ཅེས་དང༌།

གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །

རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང༌། །

བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །

ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །

ཅེས་བརྗོད་པར་བྱའོ། །

ཞེས་པའང་འཕགས་མཆོག་སྡུག་བསྔལ་རང་གྲོལ་མི་ཡི་རྫུ་ལ་ཞུགས་པ་མཁྱེན་རྟོགས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་རྣམ་དབྱེར་མ་མཆིས་པ་རྫ་དཔལ་དགེ་སྤྲུལ་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་རྒྱུན་ཇི་ལྟ་བ་བཞིན། ཐུགས་སྲས་སེམས་དཔའ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་ལས་རིམ་པར་བརྒྱུད། རྗེ་བཙུན་བླ་མ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་གྱི་བུ་ཆེན་དཔལ་ཡུལ་པདྨ་ནོར་བུ་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་གླང་པོས་གདན་ས་བརྡ་གོ་དགོན་དུ་ཀློང་སྙིང་རྩ་གསུམ་ཆོ་ག་རྣམས་ལྷན་ཅིག་ཏུ་པར་བསྐྲུན་མཛད་པ་ཉིད་ཞུ་དག་མ་གྲུབ་ཁར་འདོན་བྱ་ཕལ་ཆེར་སོགས་ཁོངས་སུ་བསྡུ་ཆེས་པས། ཀུན་གྱིས་ཤར་འདོན་མི་བདེ་བར་བརྟེན་དགོས་དབང་གིས་ཡི་གེའི་ཞུ་དག་དང་སོགས་ཁོངས་རྣམས་ནག་འགྲོས་སུ་བཀོད། ཡིག་ཆུང་གསལ་བྱེད་ཀྱིས་ཀྱང་བརྒྱན་ཏེ་འཇུག་བདེ་བར་བྱ་བྲལ་སངས་རྒྱས་རྡོ་རྗེས་ཟད་བྱེད་ས་ཟླའི་ཚེས་བརྒྱད་དགེ་བ་ལ་སྦས་ཡུལ་པདྨའི་ཚལ་གྱི་སྒྲུབ་པ་གྲོང་དུ་སྦྱར་བའི་ཡི་གེ་པ་ནི་བློ་གསལ་ཨ་བྷཱ་ཡས་བགྱིས་པ་དགེ་ལེགས་འཕེལ། །

• Download this text: EPUB MOBI PDF