A Vajrakīlaya Lineage Prayer—Tibetan

Deities › Vajrakīlaya | Practices › Lineage Prayers | བོད་ཀྱི་བླ་མ།གཏེར་སྟོན་བསོད་རྒྱལ།

English | བོད་ཡིག

གཏེར་སྟོན་བསོད་རྒྱལ།

Vajrakīlaya

Further information:
Download this text:

༄༅། །རྡོ་རྗེ་ཕུར་པའི་བརྒྱུད་འདེབས་བཞུགས།

 

མ་བཅོས་སྤྲོས་བྲལ་གདོད་མའི་ཀུན་ཏུ་བཟང་། །

ལྷུན་གྲུབ་སྒྱུ་འཕྲུལ་དྲུག་པ་རྡོ་རྗེ་འཆང་། །

གཉིས་མེད་གཅིག་འདུས་རྡོར་སེམས་གསང་བདག་སོགས། །

བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །

 

རིག་རྩལ་དབང་རྫོགས་པདྨ་ཐོད་ཕྲེང་རྩལ། །

གསང་བའི་བདག་མོ་བདེ་ཆེན་མཚོ་རྒྱལ་མ། །

མངོན་སྤྱོད་དབང་ཐོབ་རྡོ་རྗེ་བདུད་འཇོམས་སོགས། །

ཕུར་པའི་རིག་འཛིན་རྣམས་ལ་གསོལ་བ་འདེབས། །

 

རྩ་གསུམ་ཀུན་འདུས་དཔལ་ལྡན་བླ་མ་དང་། །

ཐུགས་རྗེའི་ཆོ་འཕྲུལ་རྡོ་རྗེ་ཕུར་པའི་ལྷ། །

ལེགས་ཉེས་སྟངས་འཛིན་ཕུར་སྲུང་གཏེར་བདག་བཅས། །

དཀྱིལ་འཁོར་ཡོངས་རྫོགས་དཔལ་ལ་གསོལ་བ་འདེབས། །

 

བླ་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་ལ། །

བརྟེན་ནས་ཟུང་འཇུག་བདེ་ཆེན་ཡེ་ཤེས་མཆོག །

སྒྲུབ་པའི་དཔལ་ཆེན་གདུང་འཛིན་རྣལ་འབྱོར་ལ། །

བྱིན་རླབས་དབང་དང་མཐུ་སྟོབས་ནུས་པ་སྩོལ། །

 

ཡེ་ཤེས་ཕུར་པས་བདག་འཛིན་དབྱིངས་སུ་བསྒྲལ། །

བདེ་ཆེན་ཕུར་པས་རླུང་སེམས་བག་ཆགས་གཞོམ། །

ཐབས་ཀྱི་ཕུར་པས་སྲིད་པ་རྡོ་རྗེར་འགྲུབ། །

ལས་ཀྱི་ཕུར་པས་བསྟན་བཤིག་ཚེ་སྲོག་འཕྲོག །

 

དེ་ལྟར་ངོ་མཚར་དངོས་གྲུབ་མཆོག་དམ་པ། །

སྐད་ཅིག་ཉིད་ལ་བདག་གིས་ཡོངས་ཐོབ་ནས། །

དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི། །

ཕྲིན་ལས་ལྷུན་གྲུབ་འཁོར་བ་དོང་སྤྲུག་ཤོག །

 

ཅེས་པའང་ཚེ་རབས་དུ་མར་ཡི་དམ་ལྷ་འདི་ཉིད་ཀྱིས་རྗེས་སུ་བཟུང་བའི་ལས་འཕྲོ་ཅན་གཏེར་མིང་འཛིན་པ་བསོད་རྒྱལ་གྱིས་ཐུན་མཚམས་སུ་བྲིས་པ་ཛ་ཡནྟུ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept