Prayer to Behold Beautiful Face of Khecharī—Tibetan

Deities › Vajrayoginī | Practices › Aspiration Prayers | བོད་ཀྱི་བླ་མ།ཚར་ཆེན་བློ་གསལ་རྒྱ་མཚོ།

English | བོད་ཡིག

ཚར་ཆེན་བློ་གསལ་རྒྱ་མཚོ།

Vajrayoginī Khecarī of Nāropa

Further information:
Download this text:

༄༅། །མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་བཞུགས་སོ།།

 

ན་མོ་བཛྲ་ཙཎྜ་ལི་ཡེ།

མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི། །

སྲིད་ཞིའི་མིག་འཕྲུལ་ཅིར་ཡང་འཆར་བ་ལས། །

དེང་འདིར་མཁའ་སྤྱོད་དཔལ་མོ་ཡིད་འོང་མ། །

སྙིང་ནས་དྲན་ནོ་འཁྱུད་པའི་བརྩེ་དགས་སྐྱོང་། །

 

འོག་མིན་ཞིང་ན་ལྷན་སྐྱེས་རྒྱལ་ཡུམ་མ། །

ཉེར་བཞིའི་ཡུལ་ན་ཞིང་སྐྱོང་ཌཱ་ཀི་མ། །

ནོར་འཛིན་ཁྱབ་པའི་ཀརྨ་མུ་ཏྲ་མ། །

རྣལ་འབྱོར་བདག་གི་སྐྱབས་མཆོག་རྗེ་བཙུན་མ། །

 

ཁྱོད་ནི་སེམས་ཉིད་སྟོང་པའི་རང་རྩལ་སྟེ། །

རྡོ་རྗེའི་གྲོང་ན་ཨེ་དབྱིངས་བཾ་གྱིས་དངོས། །

སྒྱུ་མའི་གླིང་ན་འཇིགས་རུང་སྲིན་མོ་དང་། །

འཛུམ་དཀར་གཡོ་བའི་ལང་ཚོ་གསར་པ་སྟོན། །

 

བདག་གིས་ཇི་ལྟར་བཙལ་ཡང་འཕགས་མ་ཁྱོད། །

བདེན་པར་གྲུབ་པའི་ངེས་པ་མ་རྙེད་ནས། །

སྤྲོས་པས་དུབ་པའི་སེམས་ཉིད་གཞོན་ནུ་དེ། །

བརྗོད་བྲལ་ནགས་ཀྱི་ཁང་བུར་ངལ་གསོ་རྟེན། །

 

ཨེ་མ་ད་ནི་ཌཱ་ཀི་དབྱིངས་ནས་བཞེངས། །

ཧེ་རུ་ཀ་དཔལ་རྒྱུད་ཀྱི་རྒྱལ་པོ་ལས། །

རྡོ་རྗེ་བཙུན་མོ་ཉེ་བའི་སྙིང་པོ་མཆོག །

བཀླག་པས་འགྲུབ་ཅེས་གསུངས་པའི་བདེན་པས་སྐྱོངས། །

 

ཨོ་ཌི་བི་ཤའི་བས་མཐའི་ནགས་ཁྲོད་དུ། །

གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་བ། །

འཁྱུད་དང་ཙུམྦྷའི་བདེ་བས་རྗེས་བསྐྱངས་ཏེ། །

ཁ་སྦྱོར་མཆོག་གིས་རོལ་ཞིང་བདག་ཀྱང་སྐྱོངས། །

 

གངྒཱའི་གླིང་དུ་རྗེ་བཙུན་ཀུ་སཱ་ལིས། །

མངོན་སུམ་ནམ་མཁའི་དབྱིངས་སུ་འཁྲིད་པ་དང་། །

དཔལ་ལྡན་ནཱ་རོ་ཏ་པ་རྗེས་བཟུང་ལྟར། །

བདག་ཀྱང་མཁའ་སྤྱོད་དགེ་བའི་གྲོང་དུ་ཁྲིད། །

 

རྩ་བརྒྱུད་བླ་མ་མཆོག་གི་ཐུགས་རྗེ་དང་། །

རྒྱུད་ཆེན་གསང་མཐའི་མྱུར་ལམ་ཟབ་ཁྱད་དང་། །

རྣལ་འབྱོར་བདག་གིས་ལྷག་བསམ་དད་པའི་མཐུས། །

མཁའ་སྤྱོད་དགའ་མའི་འཛུམ་ཞལ་མྱུར་མཐོང་ཤོག །

 

ཅེས་ཀྱང་ཐོལ་བྱུང་དུ་སྨྲས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept