The Magical Wish-Fulfilling Tree—Tibetan

Major & Minor Sciences › Grammar | བོད་ཀྱི་བླ་མ།དབྱངས་ཅན་གྲུབ་པའི་རྡོ་རྗེ།

English | བོད་ཡིག

དབྱངས་ཅན་གྲུབ་པའི་རྡོ་རྗེ།

Thönmi Sambhota

Further information:
Download this text:

༄༅། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ།།

ན་མོ་གུ་རུ་མ་ཉྫུ་གྷོ་ཤཱ་ཡ།
བླ་མ་མཆོག་དང་དབྱེར་མེད་པའི། །
འཇམ་པའི་དབྱངས་ལ་གུས་བཏུད་ནས། །
ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །
སྙིང་པོ་མདོར་བསྡུས་བཤད་པར་བྱ། །
དབྱངས་ཀྱི་བྱ་བ་གསལ་པོ་རུ། །
བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །
གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །

ག་ང་ད་ན་བ་མ་འ། །
ར་ལ་ས་རྣམས་རྗེས་འཇུག་བཅུ། །
ད་དང་ས་གཉིས་ཡང་འཇུག་སྟེ། །
ད་ནི་ན་ར་ལ་གསུམ་དང་། །
ས་ནི་ག་ང་བ་མར་འཐོབ། །
ག་ད་བ་མ་འ་སྔོན་འཇུག །

གོ་ངོ་དོ་ནོ་བོ་མོ་འོ། །
རོ་ལོ་སོ་ཏོ་སླར་བསྡུ་སྟེ། །
རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །
དྲག་ཡོད་ཏོ་དང་མཐའ་མེད་འོ། །
གཞན་རྣམས་མིང་མཐའི་རྗེས་མཐུན་བྱ། །

སུ་ར་རུ་དུ་ན་ལ་ཏུ། །
ལ་དོན་རྣམ་པ་བདུན་ཡིན་ཏེ། །
རྣམ་དབྱེ་གཉིས་བཞི་བདུན་པ་དང་། །
དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །
ས་སུ་ག་བ་དྲག་མཐར་ཏུ། །
ང་ད་ན་མ་ར་ལ་དུ། །
འ་དང་མཐའ་མེད་ར་དང་རུ། །

གི་ཀྱི་གྱི་འི་ཡི་ལྔ་པོ། །
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །
དེ་རྣམས་ས་མཐའ་ཅན་ལྔ་ནི། །
རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །
སྦྱོར་ཚུལ་ན་མ་ར་ལ་གྱི། །
ད་བ་ས་ཀྱི་ག་ང་གི །
འ་དང་མཐའ་མེད་འི་དང་ཡི། །

ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །
ག་ད་བ་ས་དྲག་མཐར་ཀྱང་། །
ང་ན་མ་ར་ལ་མཐར་ཡང་། །
འ་དང་མཐའ་མེད་འང་དང་ཡང་། །

ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །
ན་ར་ལ་ས་དྲག་མཐར་ཏེ། །
ད་དེ་ག་ང་བ་མ་འ། །
མཐའ་མེད་རྣམས་ལ་ས་སྟེ་འཐོབ། །

གམ་ངམ་དམ་ནམ་བམ་མམ་འམ། །
རམ་ལམ་སམ་ཏམ་འབྱེད་སྡུད་དེ། །
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །

ར་རུ་འི་ཡི་འང་ཡང་རྣམས། །
རྐང་པ་མི་སྐོང་སྐོང་བའི་ཁྱད། །
འོ་འུ་འམ་གྱི་གོང་དུ་ཚེག །
མེད་དང་ཡོད་པའང་དེ་བཞིན་ཡིན། །

ནས་ལས་འབྱུང་ཁུངས་དགར་སྡུད་དེ། །
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །
རིགས་མཐུན་དགར་ནས་མི་མཐུན་ལས། །
སྡུད་ལ་ནས་སྒྲ་ཁོ་ན་འཇུག །

ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །
ཕལ་ཆེར་མིང་གི་ཐོག་མར་སྦྱོར། །

ནི་ནི་དགར་དང་བརྣན་པའི་སྒྲ །

དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །
ཚེ་སྐབས་གདམས་ངག་ལྔ་ལ་འཇུག །

མིང་གི་ཐོག་མའི་དེ་སྒྲ་ནི། །
ཐ་སྙད་འདས་མ་ཐག་པ་དང་། །
རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །

ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །
སུ་ནི་གང་ཟག་གང་ཀུན་ལའོ། །

ན་རོ་ཡོད་མེད་པ་བ་མ། །
བདག་པོའི་སྒྲ་སྟེ་ག་ད་ན། །
བ་མ་ས་དང་དྲག་མཐར་པ། །
ང་འ་ར་ལ་མཐའ་མེད་ལ། །
བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིད་སྦྱོར་བ་ལེགས། །
མིང་མཐའི་པ་བའང་ཕལ་ཆེར་འདྲ། །
མ་ནི་ངེས་མེད་སྐབས་དང་སྦྱར། །

མ་མི་མིན་མེད་དགག་སྒྲ་སྟེ། །
མ་མི་ཐོག་མ་མིན་མེད་མཇུག །
མ་ནི་བར་གྱི་གསལ་བྱེད་ལའང་། །

ཚིག་ཕྲད་ཞིང་སོགས་ང་ན་མ། །
འ་དང་ར་ལ་མཐའ་མེད་མཐར། །
ཞིང་ཤེས་ཞེ་འོ་ཞེ་ན་ཞིག །
ག་ད་བ་དང་ད་དྲག་མཐར། །
ཅིང་ཅེས་ཅེ་འོ་ཅེ་ན་ཅིག།
ས་མཐར་དམིགས་བསལ་ཞེས་མ་གཏོགས། །
ཤིང་ཤིག་ཤེ་འོ་ཤེ་ན་འཐོབ། །

འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །
མིང་གི་ཆ་དང་མ་ནོར་གཅེས། །

རྐྱང་པ་འཕུལ་ལ་འ་མཐའ་དགོས། །
གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། །

ལྷུག་པའི་དོན་མང་མིང་མཚམས་དང་། །
དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །
ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང་། །
ལེའུའི་མཚམས་སུ་བཞི་ཤད་སོགས། །
ང་ཡིག་མ་གཏོགས་ཡིག་ཤད་དབར། །
ཚེད་མེད་དེ་སོགས་ཞིབ་ཏུ་འབད། །

ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །
དོན་གྱི་འབྲས་བུ་གཡུར་ཟ་བའི། །
ལེགས་བཤད་ལྗོན་པའི་དབང་པོ་འདི། །
དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept