Condensed Daily Zabtik Drolchok—Tibetan

Tārā | Termas | Tibetan MastersChokgyur Dechen Lingpa | Tibetan MastersTsikey Chokling Rinpoche

English | བོད་ཡིག

Chokgyur Dechen Lingpa

Green Tārā

Further Information:

༄༅། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་སྒྲོལ་མའི་རྒྱུན་ཁྱེར་བསྡུས་པ་བཞུགས་སོ།

ན་མོ་གུ་རུ་ཨཱརྻ་ཏཱ་རཱ་ཡཻ།

སྐྱབས་སེམས་ནི།

མདུན་གྱི་ནམ་མཁར་རྗེ་བཙུན་མ་མངོན་སུམ་བཞུགས་པར་མོས་ལ།

 

ན་མོ། དཀོན་མཆོག་ཀུན་དངོས་རྗེ་བཙུན་མར། །

བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །

བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས། །

ཟབ་མོའི་ལམ་ལ་འཇུག་པར་བགྱི། །

རང་ཉིད་སྐད་ཅིག་དྲན་རྫོགས་སུ༔

རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔

ཐུགས་ཀར་ཟླ་སྟེང་ཏཱྃ་ལྗང་གུ༔

དེ་ལས་འོད་ཟེར་དཔག་ཡས་འཕྲོས༔

འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང་༔

དཀོན་མཆོག་རྒྱ་མཚོ་སྤྲིན་འཕྲོ་བ༔

མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔

པདྨ་ཀ་མ་ལཱ་ཡ་སྟྭཾ༔

བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་ཚར་གཅིག་བརྗོད།

 

ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔

སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔

བདག་དང་བསྲུང་བྱ་ཀུན་ཚུད་ནས༔

འཇིགས་པ་ཀུན་ལས་དབུགས་དབྱུང་གྱུར༔

ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་གཅིག་བརྗོད།

 

སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔

རང་དང་བསྲུང་བྱའི་སྤྱི་བོ་ནས༔

ཞུགས་ཏེ་ལུས་ཀུན་གང་བ་ཡིས༔

བྱིན་རླབས་མ་ལུས་ཞུགས་པར་གྱུར༔

ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་གཅིག་བརྗོད།

མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔

དབྱེར་མེད་ཉིད་དུ་བྱིན་རླབས་པས༔

རང་ཉིད་འཕགས་མ་སྒྲོལ་མའི་སྐུ༔

སྣང་ལ་རང་བཞིན་མེད་པར་གྱུར༔

ཅེས་རང་ཉིད་འཕགས་མའི་གསལ་སྣང་དང་ང་རྒྱལ་ལ་སེམས་བཟུང་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་མཐར།

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།

ཡིག་བརྒྱ་དང༌།

ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

བཛྲ་མུཿ

ཞེས་བརྗོད་ལ་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས།

ལྷ་དང་རང་སེམས་དབྱེར་མེད་པ༔

ཆོས་དབྱིངས་གཉུག་མའི་ངང་དུ་བཞག༔

ཅེས་གནས་ལུགས་ཀྱི་ལྟ་བ་བསྐྱང༌།

དགེ་བ་འདི་ཡིས་མྱུར་དུ་བདག །

འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །

བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ། །

རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས། །

མི་འབྲལ་ཐུགས་རྗེས་སྐྱོང་བའི་བཀྲ་ཤིས་ཤོག །

ཅེས་སོགས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་རོ། །

ཅེས་པ་ལས་དགོངས་གཏེར་ཟབ་ཏིག་སྒྲོལ་མའི་གཏེར་གཞུང་ཆོག་བསྒྲིགས་བསྡུས་པ་འདི་ཡབ་རྗེ་དམ་པའི་ཞལ་སློབ་འཇར་མན་འོད་གསལ་རྡོ་རྗེ་ནས་བསྐུལ་བ་བཞིན་རྩི་ཀི་མཆོག་གླིང་སྐྱེས་སྤྲུལ་བཞི་པ་མི་འགྱུར་བདེ་བའི་རྡོ་རྗེ་ནས་ཆོག་བསྒྲིགས་བྲིས་པའོ།། །།

 

• Download this text: EPUB MOBI PDF