Condensed Chimé Phakmé Nyingtik—Tibetan

Sādhanas | Tārā | Tibetan Mastersབདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

Jamyang Khyentse Wangpo’s personal Chimé Pakmé Nyingtik thangka

Further Information:

༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས།

ཨོཾ་སྭ་སྟི།

འཕགས་མ་ཚེ་སྦྱིན་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས།

སྦྱོར་བ་ནི།

ནམོ། སྐྱབས་གནས་ཀུན་འདུས་རྗེ་བཙུན་མར། །

བྱང་ཆུབ་བར་དུ་བདག་སྐྱབས་མཆི། །

འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར། །

འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ། །

དངོས་གཞི་ནི།

ཨ། ཆོས་རྣམས་མི་དམིགས་སྟོང་པའི་ངང་། །

ཟུང་འཇུག་འོད་གསལ་སྙིང་རྗེའི་རྩལ། །

རིག་པ་ཏཱཾ་ཡིག་དཀར་པོ་ཤར། །

དེ་ལས་འོད་འཕྲོས་དོན་གཉིས་བྱས། །

ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །

རང་ཉིད་ཡིད་བཞིན་འཁོར་ལོ་ནི། །

དྲི་མེད་ཡིད་འོང་སྟོན་ཟླའི་མདངས། །

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །

ཨུ་ཏྤལར་གནས་ཚེ་བུམ་བསྣམས། །

ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན། །

དར་དང་རིན་ཆེན་རྒྱན་གྱིས་མཛེས། །

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས། །

པདྨ་ཟླ་བའི་གདན་ལ་བཞུགས། །

རང་འོད་ཐབས་མཆོག་གར་གྱི་དབང་། །

པདྨ་ཚེ་བུམ་བསྣམས་པས་འཁྲིལ། །

གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །

བཛྲ་ས་མཱ་ཛཿ

ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། །

ཐུགས་ཀར་པད་ཟླར་ཚེ་དཔག་མེད། །

དེ་ཡི་ཐུགས་དབུས་ཉི་ཟླའི་ནང་། །

ཏཱྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །

དེ་ལས་འོད་ཟེར་ཕོ་ཉ་མོ། །

འཕགས་མ་རྣམ་པར་རྒྱལ་མའི་སྤྲིན། །

གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས། །

བརྟན་གཡོའི་ཚེ་བཅུད་དྭངས་མ་ཀུན། །

འོད་ཟེར་བདུད་རྩིའི་རྣམ་པར་བསྡུས། །

བདག་ཐིམ་འཆི་མེད་སྐུ་འགྲུབ་གྱུར། །

ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ།

ཞེས་གཙོ་བོར་བཟླ་ཞིང་།

ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨ་ཡུ་ཥེ་སྭཱ་ཧཱ།

ཞེས་པའང་ཅུང་ཟད་བཟླ།

ཚོགས་མཆོད།

ཐུན་མཚམས་སུ་ཚོགས་མཆོད་འབུལ་བར་སྤྲོ་ན།

རཾ་ཡཾ་ཁཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཧ་ཧོཿཧྲཱིཿ

ཧྲཱིཿ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔

རྗེ་བཙུན་འཁོར་བ་སྒྲོལ་མཛད་ཡུམ༔

རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔

ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔

སརྦ་ས་མ་ཡ་ཛཿཛཿ

ཨོཾ་ཨཱཿཧཱུྃ་ཧོཿ རང་བྱུང་བྷཉྫ་སྣང་བ་སྣོད༔

རྩ་འཁོར་དབྱིངས་ཀྱི་ཀ་པཱ་ལར༔

བཟའ་བཏུང་སྲིད་བཅུད་བྱང་ཆུབ་སེམས༔

རིག་པ་རང་གསལ་ཚོགས་གཏོར་བཤམས༔

ཕྱི་ནང་གསང་བ་བླ་མེད་པའི༔

ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔

རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔

གསང་གསུམ་དམ་ཚིག་ཉམས་པ་བཤགས༔

བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔

སྐུ་གསུང་ཐུགས་ཀྱི་ཚེ་དབང་སྩོལ༔

ས་མ་ཡ་པཉྩ་ཀཱ་མ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོཿ

ཧྲཱིཿཕཻཾ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཚོགས༔

ལྷག་མའི་གཏོར་མ་འདི་བཞེས་ལ༔

བར་ཆད་ཀུན་སོལ་ཚེ་དཔལ་སྐྱེད༔

རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔

ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོཿ

རྗེས་ནི།

སྣོད་བཅུད་འོད་ཞུ་རང་ཉིད་དང་། །

རང་ཡང་མི་དམིགས་སྤྲོས་བྲལ་དང་། །

འཕགས་མའི་གསང་གསུམ་ཕྱག་རྒྱར་སད། །

འཆི་མེད་གཉུག་མའི་ངོ་བོར་གྱུར། །

དགེ་འདིས་བདག་གི་ཚོགས་གཉིས་རྫོགས། །

མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས། །

འགྲོ་ཀུན་སྒྲིབ་པ་གཉིས་སྤངས་ཏེ། །

འཆི་མེད་རིག་འཛིན་ཐོབ་པར་ཤོག །

རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །

འཆི་མེད་ངེས་པར་སྟེར་བ་མོ། །

ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །

ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །

ཅེས་པའང་ལྷ་ལྕམ་གཡུ་སྒྲོན་སྒྲོལ་དཀར་གྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་ཚད་ལྡན་གྱི་གཞུང་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྤེལ་བ་ཨཱ་ཡུ་སིདྡྷི་རསྟུ།། །།

 

• Download this text: EPUB MOBI PDF