Daily Vajrakīla Practice—Tibetan

Vajrakīla | Sādhanas | Tibetan Mastersའཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Vajrakīla

Further Information:
Download this text:

༄༅། །ཕུར་པའི་རྒྱུན་ཁྱེར་བཞུགས།

བླ་མ་དཔལ་ཆེན་ཞི་ཁྲོའི་ལྷར། །

གུས་པས་སྐྱབས་མཆི་སེམས་མཆོག་བསྐྱེད། །

ཧཱུྂ། རྡོ་རྗེ་དེ་བཞིན་ཉིད་དབྱིངས་ལས། །

སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས། །

ཉོན་མོངས་ཞེ་སྡང་མཚོན་ཆེན་ནི། །

ཧཱུྂ་ཡིག་སྔོན་པོའི་ཐིག་པར་ཤར། །

དེ་ཉིད་ཡོངས་གྱུར་སྐད་ཅིག་གིས། །

པད་ཉི་ལྷ་ཆེན་ཕོ་མོའི་སྟེང་། །

རང་རིག་རྡོ་རྗེ་གཞོན་ནུ་ནི། །

མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །

གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །

གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ག །

མཐའ་གཉིས་ཕུར་འདྲིལ་ཡུམ་ལ་འཁྱུད། །

སྐུ་ཆེ་ཡན་ལག་རགས་པ་དང་། །

དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །

ཡེ་ཤེས་མེ་འོད་ཀློང་ན་བཞུགས། །

གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །

དམ་ཡེ་དབྱེར་མེད་ཆེན་པོར་གསལ། །

སྙིང་དབུས་བཛྲ་ས་ཏྭ་ཡི། །

ཐུགས་ཀར་ཉི་ཟླའི་གའུ་ནང་། །

ཧཱུྂ་སྔོན་སྔགས་ཀྱི་ཕྲེང་བས་མཚན། །

འོད་འཕྲོས་འཕགས་མཆོད་སྒྲིབ་ཀུན་བྱང་། །

སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤར། །

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱན་བྂ་ཧཱུྂ་ཕཊ། ཛཿཧཱུྂ་ཨ།

ཞེས་བཟླ།

ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ། །

སླར་ཡང་གཉུག་མའི་སྐུ་རུ་ལྡངས། །

ཨོཾ་ཨཱཿཧཱུྂ། །

ཞེས་པས་བསྲུངས་ལ་དགེ་བསྔོ་བྱའོ།

ཅེས་པའང་ལྭ་དཀར་སྲས་ཆུང་བསོད་རྒྱལ་གྱི་ཐུགས་བཞེད་ལྟར་ཆོས་ཀྱི་བློ་གྲོས་པས་སོ། །

རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་ཀཱི་ལ་ཡའི། །
སྒྲུབ་ཐབས་བཀའ་གཏེར་བྱིན་རླབས་བཅུད་འདུས་སྤར། །
ཀུན་བཟང་ཆོས་སྒྲོན་གུས་པས་བསྐྲུན་པ་ཡིན། །
བསྟན་འགྲོ་མི་མཐུན་གཡུལ་ལས་རྒྱལ་གྱུར་ཅིག །
ཅེས་མངྒ་ལས་སྨོན་པ་ཤྲཱི་ཛ་ཡནྟུ།། །།

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK