A Simple Practice of Phowa—Tibetan

Dying & the Bardos | Tibetan MastersTsultrim Zangpo

English | བོད་ཡིག

༄༅། །འཕོ་བ་བསྡུས་པ་ནི།

ཧྲཱིཿ རང་སྣང་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །

དུས་གསུམ་བདེ་གཤེགས་རྒྱལ་བའི་སྤྱི་གཟུགས་གཙོ། །

སྙིགས་མའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས་མཆོག །

དཔལ་ལྡན་བླ་མ་རྗེ་ལ་གསོལ་བ་འདེབས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

ཟབ་ལམ་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །

ཚེ་འདིར་རྫོགས་ཆེན་རྟོགས་པ་མཐར་ཕྱིན་རློབས། །

ཞེས་པའི་གསོལ་བ་བཏབ་བོ། །

རང་ཉིད་འཕགས་མཆོག་སྤྱན་རས་གཟིགས་སུ་གསལ། །

དེ་ཡི་སྙིང་དབུས་འོད་རྩ་སྤྱི་བོར་ཟུག །

ཡར་སྣེ་པད་ཉིའི་གདན་ལ་བླ་མ་རྗེ། །

སངས་རྒྱས་འོད་དཔག་མེད་མགོན་ལམ་མེར་བཞུགས། །

སྙིང་དབུས་རླུང་དཀྱིལ་གདན་ལ་རྣམ་ཤེས་ཀྱི། །

བདག་ཉིད་ཐིག་ལེ་དཀར་དམར་སྲན་ཟླུམ་ཙམ། །

ཧྲིལ་ཧྲིལ་གཡོ་ཞིང་འཕར་བའི་ཚུལ་ཅན་གསལ། །

སྤྱི་བོར་བླ་མའི་ཐུགས་ཀའི་ཟེར་རྣོན་གྱིས། །

ཡར་དྲངས་རྒྱལ་བའི་ཐུགས་དང་གཉིས་མེད་བསམ།

 

ཧྲཱིཿ སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་དང་། །

གསང་བའི་བདག་པོ་རྒྱལ་སྲས་གཙོ་འཁོར་ལ། །

མི་ཕྱེད་རྩེ་གཅིག་དད་པས་གསོལ་བ་འདེབས། །

རྣམ་ཤེས་ཆོས་དབྱིངས་འཕོ་བར་བྱིན་གྱིས་རློབས། །

གདོད་མའི་གནས་ལུགས་རྗེན་པར་མངོན་གྱུར་ཅིག །

མཐར་ཐུག་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །

གྲངས་མང་བརྗོད་མཐར།

ཧིཀྐས་ཡང་ཡང་འཕོ་བ་དང་སྔར་ལྟར་གསལ་བར་བྱས་མཐར་སྤྱི་བོའི་སངས་རྒྱས་ཉིད་ཚེ་དཔག་མེད་པར་གྱུར་ཏེ་སྤྱི་བོ་ནས་མར་སྙིང་དབུས་སུ་བཞུགས་པར་སེམས་གཏད་དེ་རྟོག་མེད་དུ་བཞག་པར་བྱའོ། །

དད་ལྡན་གྲྭ་ནོར་བུ་བཟང་པོས་བསྐུལ་ངོ་མི་ལྡོག་ཙམ་དུ་ཚུལ་མིང་པས་སྒྲུབ་ཁང་ནས་སྦྱར་བ་དགེ། །།

 

• Download this text: EPUB MOBI PDF