Youthfulness Gained—Tibetan

Long Life Prayers | Tibetan MastersChokgyur Dechen Lingpa

English | བོད་ཡིག

Chokgyur Dechen Lingpa

The Three Deities of Long Life

Further Information:

༄༅། །ཡུལ་དམ་པ་རྣམས་ལ་བརྟན་བཞུགས་བདེན་ཚིགས་སུ་བསྩལ་བ་འཆི་མེད་རྡོ་རྗེར་གྲུབ་པའི་ལང་ཚོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨཱཿཧཱུྃ། སྐུ་མཆོག་འགྱུར་མེད་རྣམ་སྣང་ཚེ་ཡི་རྒྱལ། །

གསུང་མཆོག་འགགས་མེད་པདྨ་ཚེ་ཡི་བདག །

ཐུགས་མཆོག་འཁྲུལ་མེད་མི་བསྐྱོད་ཚེ་མཐའ་ཡས། །

ཡོན་ཏན་ལྷུན་གྲུབ་ཕྲིན་ལས་ཐོགས་མེད་པ། །

རཏྣ་ཀརྨ་ཚེ་ཡི་ལྷ་ཚོགས་རྣམས། །

བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །

ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། །

གནས་མཆོག་རྣམ་དག་འཆི་མེད་རྟག་པའི་ཞིང༌། །

འཇིགས་བྲལ་སེང་གེའི་བཏེགས་པའི་རྡོ་རྗེའི་ཁྲིར། །

རྩ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །

སྐུ་ཡི་འོད་ཀྱིས་འཁོར་འདས་ཚེ་བཅུད་བསྡུས། །

རྒྱལ་བ་སྲས་དང་བཅས་པའི་ཚེ་དབང་བསྐུར། །

འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ

བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །

སྐུ་ལས་སྲས་མཆོག་སྤྲུལ་པ་གྲངས་མེད་སྤྲོས། །

བར་ཆད་དགྲ་བགེགས་ཐམས་ཅད་མྱུར་དུ་བསྒྲལ། །

བླ་མའི་སྐུ་དགྲ་བསྒྲལ་བའི་བསོད་ནམས་ཀྱིས། །

བདག་ཀྱང་བར་ཆད་བདུད་ཀྱི་ཡུལ་ལས་རྒྱལ། །

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་བར་ཤོག །

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄། །

རྗེ་བཙུན་སྒྲོལ་མ་མདུན་གྱི་ནམ་མཁར་བྱོན། །

ཨུཏྤལ་དཔལ་བེའུའི་ཉི་མ་འཆར་ཁའི་འོད། །

བདག་ཅག་དཔོན་སློབ་རྣམས་ལ་ཕོག་པ་ཡིས། །

འདོད་པའི་དོན་རྣམས་ཐམས་ཅད་མྱུར་དུ་འགྲུབ། །

འཆི་བ་མེད་པ་རྡོ་རྗེའི་སྲོག་འགྲུབ་ནས། །

སངས་རྒྱས་བསྟན་པ་ཡུན་རིང་གནས་པ་དང༌། །

འགྲོ་བ་རྣམས་ལ་ཕན་བདེ་སྤེལ་བར་ཤོག །

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སིདྡྷིཀུ་རུ་སྭཱ་ཧཱ།

ཞེས་པ་འདི་ནི་སྐྱབས་མགོན་ཞྭ་དམར་ནག་སོགས་བསྟན་འཛིན་སྐྱེས་ཆེན་དག་གི་འདྲེན་མཆོག་ཐམས་ཅད་ཞབས་བརྟན་ཅིང་། འཇམ་མགོན་བླ་མས་བདག་ཕ་བུ་བླ་ཕུར་སྦྲགས་མ་ཞིག་ཉམས་སུ་ལེན་དགོས་གསུངས་པས། འཕྲལ་མཁོ་གྲྭ་ཚང་གི་འདོན་རྒྱུར་བྲི་འདུན་ཡོད་པའི་ཞོལ། སྐྱབས་མགོན་སི་ཏུ་རིན་པོ་ཆེ་དཔོན་སློབ་རྣམས་ཀྱི་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྒོ་ནས་ཡུན་འཚོའི་རྟེན་འབྲེལ་གནང་བའི་ཡ་མཚན་མཆོག་ཏུ་གྱུར་བའི་སྐབས་སུ། བདག་གིས་ཀྱང་སྐྱེལ་ལན་གི་ཚུལ་དུ་ཞབས་བརྟན་དུ་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག །

• Download this text: EPUB MOBI PDF