Guru Yoga—Tibetan

Practices › Guru Yoga | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

༄༅། །བླ་མའི་རྣལ་འབྱོར་མདོ་སྔགས་ལམ་རྫོགས་བཞུགས། །

 

ཐུན་མོང་ཕྱིའི་སྔོན་འགྲོ་བཞི་ནི།

ཀྱེ་མ་ཀྱི་ཧུད་བླ་མ་རིན་པོ་ཆེ། །

རྙེད་དཀའ་དོན་ཆེན་དལ་འབྱོར་ཐོབ་དུས་འདིར། །

མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །

དགེ་སྡིག་རྒྱུ་འབྲས་ཡིད་ཆེས་བླང་དོར་བགྱིས། །

 

ཐུན་མིན་ནང་གི་སྔོན་འགྲོའི་དང་པོ་སྐྱབས་སེམས་ནི།

འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་བརྒལ་ཕྱིར། །

སྐྱབས་གསུམ་ཀུན་འདུས་བླ་མར་དད་པས་བསྟེན། །

མཁའ་ཁྱབ་ཕ་མ་སྲིད་ཞི་ལས་གྲོལ་ཕྱིར། །

བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །

 

བླ་མའི་རྣལ་འབྱོར་གྱི་ཚོགས་རྟེན་གསལ་གདབ་ནི།

རང་ལུས་ལྟར་གསལ་སྤྱི་བོར་རིགས་བརྒྱའི་བདག །

རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆང་། །

དབྱེར་མེད་བཀའ་བབས་བདུན་ལྡན་མཁྱེན་བརྩེའི་དབང་། །

ཐེག་མཆོག་བསྟན་པ་ཡོངས་རྫོགས་ཤིང་རྟའི་གར། །

རྡོ་རྗེ་འཛིན་ཆས་རྡོར་དྲིལ་པད་སྡོང་སྟེང་། །

འཇིགས་བྲལ་མི་ཕམ་མཆོག་མཚོན་གཡས་རལ་གྲི། །

ཆོས་ཀྱི་བློ་གྲོས་གླེགས་བམ་གཡོན་དུ་བཞུགས། །

རིགས་བརྒྱའི་ཁྱབ་བདག་རྒྱལ་ཚབ་གུ་རུའི་ཚུལ། །

རབ་འབྱམས་རྩ་གསུམ་རྒྱལ་བས་བསྐོར་ཏེ་བཞུགས། །

 

བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་ནི།

ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །

གུས་པས་ཕྱག་འཚལ་མཆོད་ཅིང་སྡིག་ལྟུང་བཤགས། །

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །

བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །

 

རྡོར་སེམས་སྒོམ་བཟླས་ནི།

བླ་མའི་ཐུགས་ཀར་རྡོར་སེམས་ཡབ་ཡུམ་ལས། །

བདུད་རྩིའི་རྒྱུན་བབ་སྡིག་ལྟུང་ཀུན་སྦྱངས་གྱུར། །

ཡིག་བརྒྱ་བསག

 

མཎྜལ་འབུལ་བར་སྤྲོ་ན།

ཨོཾ་ཨཱཿཧཱུྃ། སྐུ་གསུམ་ཞིང་ཁམས་ལོངས་སྤྱོད་དང་། །

ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །

དཀོན་མཆོག་རྩ་བ་གསུམ་ལ་འབུལ། །

བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །

ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ།

 

གསོལ་འདེབས་ནི།

འགྱུར་མེད་བདེན་དོན་མངོན་གཟིགས་མཚོ་སྐྱེས་རྗེའི། །

རིང་ལུགས་དྲི་མེད་ཐེག་མཆོག་རྫོགས་པ་ཆེའི། །

བསྟན་པའི་རྒྱལ་མཚན་སྲིད་མཐར་སྒྲེང་བཞིན་དུ། །

བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །

ཞེས་པས་གསོལ་བཏབ་བླ་མ་རང་ལ་ཐིམ།

 

བུམ་དབང་གི་ཉམས་ལེན་ནི།

རང་ལུས་སྐད་ཅིག་རྗེ་བཙུན་འཇམ་པའི་དབྱངས། །

རལ་གྲི་པུསྟི་འཛིན་པ་ལོངས་སྐུའི་ཆས། །

དམར་སེར་འཆར་ཁའི་ཉི་མ་ལྟ་བུར་གྱུར། །

ཐུགས་ཀར་པདྨ་ལ་གནས་སྲོག་སྔགས་དྷཱིཿ

ཡིག་འབྲུ་དྲུག་ལ་སེམས་གཏད་སྤྲོ་བསྡུ་ཡིས། །

མི་ཤེས་མུན་བསལ་ཡེ་ཤེས་སྣང་བ་རྒྱས། །

 

གསང་དབང་གི་ཉམས་ལེན་ནི།

སྣོད་བཅུད་འཇམ་དཔལ་ཞིང་གསལ་ལྷ་སྔགས་བསྲེ། །

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

 

ཤེས་དབང་གི་ཉམས་ལེན་ནི།

རང་གི་ལྟེ་བར་ཡེ་ཤེས་གཏུམ་མོ་ཡིས། །

སྤྱི་བོའི་ཧཾ་བཞུས་དགའ་བཞིའི་ཉམས་སྐྱེས་བསམ། །

རླུང་བཟུང་བུམ་པ་ཅན་ལ་གནད་དུ་བསྣུན།

 

དབང་བཞི་བའི་ཉམས་ལེན།

འདི་ཡན་ཀུན་རྫོབ་ཕྱི་ཡི་བླ་མའི་རྣལ་འབྱོར། མན་ཆད་དོན་དམ་ནང་གི་བླ་མའི་རྣལ་འབྱོར།

རྣམ་བཅས་ལྷ་སྔགས་ཆོས་ཉིད་ཀློང་དུ་ཐིམ། །

རྣམ་མེད་གཉུག་མ་ཆོས་སྐུ་འཇམ་དཔལ་དབྱངས། །

གདོད་ནས་འདུ་འབྲལ་མེད་པར་བཞུགས་པ་ཡི། །

རང་ངོ་མཉམ་རྗེས་རིས་སུ་མ་ཆད་བལྟ། །

 

བསྔོ་སྨོན་དང་ཤིས་བརྗོད་ནི།

རྣམ་དཀར་དགེ་བས་བླ་མ་མཉྫུ་ཤྲཱི། །

ཡེ་ཤེས་སྐུ་དང་གཉིས་མེད་ཚུལ་འཆང་བས། །

སྲས་བཅས་རྒྱལ་བའི་རྣམ་ཐར་རྗེས་སློབ་སྟེ། །

སྐུ་ལྔའི་ཁྱབ་བདག་ཆེ་འགྲུབ་བཀྲ་ཤིས་ཤོག །

 

ཅེས་འདི་སྙིང་ལྟར་གཅེས་པའི་གྲོགས། །བཤད་སྒྲུབ་ཆོས་ཀྱི་སེང་གེ་ཡིས། །བསྐུལ་བཞིན་མན་ངག་སྙིང་གི་ཏིག །བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་དགེས། །ཚིག་ཚོགས་ཉུང་ཡང་དོན་གནད་ཚང་། །ཉམས་ལེན་བྱས་པས་བླ་མ་ཆེ། །སྐུ་བཞི་ཡེ་ཤེས་མངོན་གྱུར་ཏེ། །བསྟན་འགྲོའི་དོན་ཆེན་བྱེད་ནུས་པའི། །དགེ་མཚན་དཔལ་དུ་འབར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept