The Song of Devotion—Tibetan

Aspiration Prayers | Tibetan MastersFourteenth Dalai Lama | Tibetan MastersKhenchen Jigme Phuntsok

English | བོད་ཡིག

Fourteenth Dalai Lama

Khenchen Jigme Phuntsok

Further Information:

༄༅། །གཏེར་སྟོན་ལས་རབ་གླིང་པའི་ཡང་སྤྲུལ་མཁན་ཆེན་འཇིགས་མེད་ཕུན་ཚོགས་གང་དེའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་སྨོན་ཚིག་མོས་གུས་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

སྤངས་རྟོགས་བདེ་གཤེགས་མཆོག་བརྙེས་ཐུབ་པའི་དབང༌། །

དེ་སྲས་ཐུ་བོ་བྱམས་མགོན་འཇམ་པའི་དབྱངས། །

གཏད་རབས་རྣམ་བདུན་པ་ཆེན་བཅུ་བདུན་སོགས། །

འཕགས་ཡུལ་བསྟན་པའི་འབྱུང་གནས་ཆེ་རྣམས་དང༌། །

ཁྱད་པར་བྷོ་ཊའི་ལྗོངས་སུ་ལེགས་ལམ་སྒོ། །

འབྱེད་མཛད་ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ། །

སངས་རྒྱས་གཉིས་པ་པད་མ་ཀ་རའི་ཞབས། །

ཞི་འཚོ་བརྒྱུད་བཅས་བཀའ་དྲིན་དྲན་བཞིན་དད། །

མི་འཇིགས་བཞི་ལྡན་རྣམ་འདྲེན་རྒྱལ་བའི་བསྟན། །

མཐའ་མེད་འགྲོ་བའི་གསོས་སུ་སྤེལ་བའི་སླད། །

ཕུན་ཚོགས་ལྔ་ལྡན་སྐལ་བཟང་ཕྱོགས་ཀུན་ཏུ། །

སྤྲོ་མཁས་རྗེ་བཙུན་བླ་མར་གསོལ་བ་འདེབས། །

ཐུབ་བསྟན་རྒྱ་མཚོ་༧རྒྱལ་བའི་དབང་པོ་ཡི། །

ཐུགས་བསྐྱེད་ཕྲིན་ལས་དུས་བབས་དམ་ཚིག་ལས། །

གཏེར་སྟོན་ལས་རབ་གླིང་པའི་ཆོས་སྐོར་གྱིས། །

གངས་ལྗོངས་འགྲོ་ལ་ཤིས་པའི་དཔལ་ཡོན་བསྒྲུབས། །

ལྔ་བདོའི་རྒུད་པའི་སྨག་རུམ་ཁྲོད་དུ་ཡང༌། །

ཕྱི་ནང་སྡེ་སྣོད་རབ་འབྱམས་གཞུང་བརྒྱའི་དོན། །

གསན་བསམ་སྒོམ་སྒྲུབ་ཉམས་རྟོགས་མཐར་སོན་པ། །

ཁྱོད་ནི་ངེས་དོན་བསྟན་འཛིན་མཆོག་ཏུ་བཞེངས། །

དུས་འགྱུར་མི་བཟད་འཚུབ་རླུང་ཆེས་ལྡང་མོད། །

གང་གི་ཐུགས་བསྐྱེད་རི་དབང་ལྟར་བརྟན་པས། །

བསླབ་གསུམ་ངུར་སྨྲིག་འཛིན་པའི་འདུས་སྡེ་སོགས། །

དད་ལྡན་ཁྲི་ཕྲག་ངང་གིས་འདུས་པར་གྱུར། །

བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །

ཉིན་བཞིན་ཕྱོགས་བཞིའི་སྐྱེ་བོའི་རེ་འདུན་བཀང༌། །

སྨིན་གྲོལ་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཆེས། །

ཀུན་ལ་རྣམ་བྱང་ས་བོན་གྲུང་པོ་བསྐྲུན། །

ཉན་ཐོས་ནས་བཟུང་ཨ་ཏི་ཡོ་གའི་བར། །

ཡོངས་རྫོགས་ཐེག་པ་ཀུན་གྱི་གཞུང་ལུགས་དང༌། །

མན་ངག་བདུད་རྩིའི་སྙིང་བཅུད་མ་ལུས་པ། །

བསྩལ་ཏེ་སྐལ་ལྡན་མ་ལུས་ཚིམ་པར་མཛད། །

གང་སྐུའི་དཀྱིལ་འཁོར་ཡིད་ལ་ལྷམ་མེར་དྲན། །

གང་གསུང་ཟབ་སྙན་གདངས་བཟང་ལྷང་ངེར་གསལ། །

གང་ཐུགས་མཁྱེན་བརྩེའི་དགོངས་པ་གསལ་ལེར་འཆར། །

གང་གི་ཡོན་ཏན་བསམ་བཞིན་གསོལ་འདེབས་བརྩོན། །

བདག་ཅག་ཁྱེད་ཀྱི་རྗེས་སུ་སློབ་པ་ཀུན། །

ཐེག་པ་རིམ་དགུའི་དམ་ཆོས་ཡིད་བཞིན་མཛོད། །

དད་བརྩོན་རྣམ་དཔྱོད་འདོར་མེད་སྙིང་རུས་ཀྱིས། །

རྟག་ཏུ་བསམ་སྒོམ་ཉམས་ལེན་འབད་པར་འཚལ། །

དེ་མཐུས་མགོན་པོ་ཁྱོད་ཀྱི་ཐུགས་བཞེད་རྣམས། །

མཁའ་ཁྱབ་སྐྱེ་འགྲོའི་གསོས་སུ་ལེགས་སྨིན་ཞིང༌། །

བདག་སོགས་སྐྱེ་ཀུན་ཐེག་མཆོག་བཤེས་གཉེན་དང༌། །

མི་འབྲལ་ཉམས་རྟོགས་ཡོན་ཏན་རབ་འཕེལ་ཤོག །

རྩ་བ་གསུམ་གྱི་ཐུགས་རྗེ་བྱིན་ཆེན་དང༌། །

ཆོས་ཉིད་རྟེན་འབྲེལ་བསམ་མི་ཁྱབ་པའི་མཐུ། །

བླ་སློབ་དད་གདུང་འགྱུར་མེད་སྟོབས་བཙན་པས། །

སྨོན་དོན་འདི་དག་ཡིད་བཞིན་འགྲུབ་པར་ཤོག །

ཅེས་པ་འདི་བཞིན་དུས་གཉན་ཡིད་སྐྱོའི་སྐབས་འདིར་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་སྔ་འགྱུར་བསྟན་པའི་གསལ་བྱེད་རིས་མེད་༧རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཞབས་འདེགས་རླབས་ཆེ་མཛད་པ་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་མདོ་ཁམས་གསེར་རྟ་བླ་རུང་ལྔ་རིག་སློབ་གླིང་གི་ཆོས་གྲྭ་གསར་ཚུགས་གཙོ་གྱུར་ཡུལ་གྲུ་ས་གནས་མང་པོར་ཞབས་འཁོད་དད་འདུས་སྐྱེ་བོ་ཁྲི་ཕྲག་མང་པོར་རྨད་བྱུང་ཐུགས་བསྐྱེད་འཕྲིན་ལས་བཟང་པོས་རིས་མེད་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང༌། བསྟན་འགྲོར་སྨན་པའི་རླབས་པོ་ཆེའི་མཛད་བཟང་སྐྱོང་བཞིན་པར་ཕྱི་ནང་གི་འགལ་རྐྱེན་ལས་གློ་བུར་དགོངས་པ་ཆོས་དབྱིངས་སུ་གཏད་པའི་སྣང་ཚུལ་ལ་དངོས་བརྒྱུད་ཞལ་སློབ་རྣམས་སྐྱོ་གདུང་མི་བཟད་པའི་གནས་སུ་གྱུར་པར་མཁན་པོ་དམ་པ་གང་ཉིད་ལ་རྩེ་གཅིག་གསོལ་བ་འདེབས་རྒྱུ་དང༌། གང་གསུངས་མདོ་སྔགས་ཟབ་བཅུད་ཀྱི་གདམས་ངག་རྣམས་མི་བརྗེད་སྙིང་ལ་བཅངས་ཏེ་ཉམས་ལེན་ངོ་ལྐོག་མེད་པ་ཆུ་བོའི་རྒྱུན་བཞིན་བརྩོན་ཏེ་སྒྲུབ་པའི་མཆོད་པར་བསླབ་རྒྱུ་ཤིན་ཏུ་གལ་ཆེ་ཞིང༌། ད་ལམ་ངོས་རང་ནས་དམ་པ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཕྱིར་དང༌། ཞལ་སློབ་རྣམས་ཀྱི་སྐྱོ་གདུང་སེལ་བའི་སླད་དུ་གསོལ་འདེབས་སྨོན་ཚིག་འདི་བཞིན་བགྱིས་པ་ཇི་ལྟར་སྨོན་པའི་དོན་རྣམས་དེ་དེ་བཞིན་འགྲུབ་པར་གྱུར་ཅིག ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཟླ་ ༡ ཚེས་ ༡༥ ལ་བྲིས་པ་དགེ། །།

• Download this text: EPUB MOBI PDF