Prayer to the Glorious Karmapas—Tibetan

Schools & Systems › Kagyü | Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།ཀརྨ་པཀྵི། | བོད་ཀྱི་བླ་མ།ཀརྨ་པ་རང་བྱུང་རྡོ་རྗེ། | བོད་ཀྱི་བླ་མ།ཀརྨ་པ་ཐེག་མཆོག་རྡོ་རྗེ། | བོད་ཀྱི་བླ་མ།ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Karmapa

Further information:
Download this text:

༄༅། །དཔལ་ལྡན་ཀརྨ་པའི་སྐྱེས་རབས་ཕྲེང་བར་གསོལ་འདེབས་མོས་གུས་ཀྱི་སྦྲང་རྩི།

 

རྒྱལ་བ་ཀུན་གྱི་ཕྲིན་ལས་སྤེལ། །

རིགས་གསུམ་གཅིག་བསྡུས་ཀརྨ་པ། །

དུས་གསུམ་མཁྱེན་པ་མི་ཡི་རྗེ། །

འཇིག་རྟེན་འདྲེན་པར་གསོལ་བ་འདེབས། །

 

སྣང་སྲིད་ཡེ་ཤེས་ཕྱག་རྒྱས་ཐེབས། །

བདེ་ཆེན་ཟུང་འཇུག་གྲུབ་པའི་གཙོ། །

རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀ །

ཆོས་ཀྱི་བླ་མར་གསོལ་བ་འདེབས། །

 

སྤྱན་རས་གཟིགས་དབང་མི་ཡི་གཟུགས། །

བརྟན་པའི་འཁོར་ལོའི་མཁྱེན་རབ་ཅན། །

གསང་བ་རྒྱ་མཚོའི་མངའ་བདག་མཆོག །

རང་བྱུང་རྡོ་རྗེར་གསོལ་བ་འདེབས། །

 

རྒྱལ་སྲས་བྱང་ཆེན་སྤྱོད་པ་ལས། །

སྙིང་སྟོབས་གོ་ཆ་བརྟན་པོ་བཞེས། །

གཞན་ལ་ཕན་པའི་རྩ་ལག་མཆོག །

རོལ་པའི་རྡོ་རྗེར་གསོལ་བ་འདེབས། །

 

ལྷར་བཅས་སྲིད་ཞིའི་གཙུག་གི་ནོར། །

བརྟན་གཡོ་ཕྱག་རྒྱ་ཆེན་པོར་སྡོམ། །

གངས་ལྗོངས་བསྟན་པ་ཡོངས་ཀྱི་བདག །

དེ་བཞིན་གཤེགས་པར་གསོལ་བ་འདེབས། །

 

ཚུལ་ཁྲིམས་ཕུང་པོ་རབ་བརྗིད་ཅིང་། །

ཏིང་འཛིན་མཆོག་ལས་མི་འདའ་ཞིང་། །

ཤེས་རབ་ཟབ་མོའི་དཔལ་འཆང་བ། །

མཐོང་བ་དོན་ལྡན་གསོལ་བ་འདེབས། །

 

ཚར་གཅོད་རྗེས་འཛིན་མཐུ་གྲུབ་ཅིང་། །

མཁས་དང་བཙུན་པའི་ཕུལ་དུ་གྱུར། །

མཁྱེན་ནུས་བརྩེ་བའི་གཏེར་ཆེན་པོ། །

ཆོས་གྲགས་རྒྱ་མཚོར་གསོལ་བ་འདེབས། །

 

མི་འཕྲོག་པ་ཡི་ཐུགས་མངའ་ཞིང་། །

ཟབ་དོན་མན་ངག་རྒྱ་མཚོའི་མཛོད། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཆོག །

མི་བསྐྱོད་རྡོ་རྗེར་གསོལ་བ་འདེབས། །

 

འཕགས་ཆེན་ས་ལ་རབ་བཞུགས་ཤིང་། །

ལུང་རིགས་ནོར་བུ་གྲམ་པ་བརྡལ། །

འཆད་རྩོད་རྩོམ་ལ་བསྙེངས་བྲལ་བ། །

དབང་ཕྱུག་རྡོ་རྗེར་གསོལ་བ་འདེབས། །

 

ཆོས་བརྒྱད་སྒྱུ་མར་རྟག་ཏུ་གཟིགས། །

རོ་སྙོམས་བརྟུལ་ཞུགས་གྲུབ་པའི་གཙོ། །

ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །

ཆོས་དབྱིངས་རྡོ་རྗེར་གསོལ་བ་འདེབས། །

 

ལས་རླུང་དྷུ་ཏིའི་དབྱིངས་སུ་བཅིངས། །

ཀུན་ཏུ་རྟོག་པ་ཐམས་ཅད་ཟད། །

འཕོ་མེད་ཟུང་འཇུག་ཕྱག་རྒྱའི་སྐུ། །

ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །

 

སྤངས་རྟོགས་ཡོན་ཏན་བྱེ་བའི་གཏེར། །

མདོ་སྔགས་ཆོས་ཚུལ་འབྱུང་གནས་ཆེ། །

སྐལ་ལྡན་སྐུ་བཞིར་བཀྲིར་མཛད་པ། །

བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །

 

རྟག་པར་སེམས་ཅན་དོན་ལ་བརྩོན། །

ཐོས་བསམ་སྒོམ་པ་མཐར་སོན་ཅིང་། །

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྗེ། །

ཐེག་མཆོག་རྡོ་རྗེར་གསོལ་བ་འདེབས། །

 

འཁོར་ལོ་སྡོམ་པ་མི་ཡི་གཟུགས། །

ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུ། །

རིགས་རྣམས་ཀུན་འདུས་དཀྱིལ་འཁོར་གཙོ། །

མཁའ་ཁྱབ་རྡོ་རྗེར་གསོལ་བ་འདེབས། །

 

སྲིད་འདི་ཇི་སྲིད་གནས་ཀྱི་བར། །

འཕགས་མཆོག་སྤྲུལ་པ་རྒྱུན་མི་ཆད། །

ཕུལ་བྱུང་ངོ་མཚར་གཏམ་མང་གིས། །

ནོར་འཛིན་ཁྱོན་ཀུན་ཁྱབ་གྱུར་ཅིག །

 

བདག་ཀྱང་དེང་ནས་བྱང་ཆུབ་བར། །

མགོན་པོས་འབྲལ་མེད་རྗེས་བཟུང་ཞིང་། །

རྒྱལ་བ་སེངྒེའི་ང་རོ་དང་། །

དབྱེར་མེད་མངོན་པར་བྱང་ཆུབ་ཤོག །

 

ཅེས་པའང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ། དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept