Ancillary Practices for Three Guru Yogas—Tibetan

Practices › Guru Yoga | Schools & Systems › Kagyü | བོད་ཀྱི་བླ་མ།ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ། | བོད་ཀྱི་བླ་མ།མི་ལ་རས་པ། | བོད་ཀྱི་བླ་མ།མར་པ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།སྒམ་པོ་པ་བསོད་ནམས་རིན་ཆེན།

English | བོད་ཡིག

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Marpa, Milarepa & Gampopa

Further information:
Download this text:

༄༅། །རྗེ་བཙུན་མར་མི་དྭགས་གསུམ་གྱི་བླ་མའི་རྣལ་འབྱོར་ཐིག་ལེ་སྐོར་གསུམ་གྱི་སྔོན་རྗེས་ཀྱི་སྤྱི་ཆིངས་རྡོ་རྗེའི་དྲྭ་བ་ཞེས་བྱ་བ།

 

བླ་མ་ལ་ཕྱག་འཚལ་ལོ།

 

མཆོག་གསུམ་གྲུབ་ཐོབ་རྒྱ་མཚོ་ལ།  །

བྱང་ཆུབ་བར་དུ་སྐྱབས་སུ་མཆི།  །

འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར།   །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།         །

 

རང་སྣང་རྣམ་དག་རྒྱལ་བའི་ཞིང་།   །

ངོ་མཚར་བཀོད་པ་བསམ་མི་ཁྱབ།   །

ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་།  །

འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས།   །

 

རྟོག་མེད་པད་ཉི་རོ་གདན་སྟེང་།  །

རང་ལུས་རྡོ་རྗེ་རྣལ་འབྱོར་མ།    །

ཆགས་མེད་པདྨ་རཱ་གའི་མདངས།  །

ཐབས་ཤེས་དབྱེར་མེད་གྲི་ཐོད་འཛིན།   །

ལོངས་སྤྱོད་རྒྱན་རྫོགས་བདེ་དྲོད་འབར།  །

 

མདུན་མཁར་འོད་ལྔ་འཁྲིགས་པའི་དབུས།  །

སེངྒེ་གླང་ཆེན་རྟ་དང་ཁྱུང་།  །

ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།  །

ཉི་ཟླ་པདྨ་རིན་པོ་ཆེར།   །

 

འདིར་སོ་སོའི་ལྷ་བསྐྱེད་བཙུད།  དེ་ནས།

 

མངོན་སུམ་ལྟ་བུར་གསལ་བ་ལ།  །

སྣང་ལ་རང་བཞིན་མ་གྲུབ་པའི།  །

གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན།  །

འོད་འཕྲོས་རང་བཞིན་ཞིང་ཁམས་ནས།   །

རང་འདྲ་སྤྱན་དྲངས་དབྱེར་མེད་གྱུར།

 

ཨོཾ།  ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ནི།  །

གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན།   །

ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ།   །

དཔལ་ལྡན་བླ་མ་གནས་འདིར་སྣང་བར་མཛོད།   །

ཨོཾ་བཛྲ་ས་མཱ་ཛཿ

 

རིན་ཆེན་སེང་ཁྲི་དར་ཟབ་དང་།  །

ཉི་ཟླ་པདྨའི་གདན་མཆོག་ལ།  །

བདག་གཞན་འགྲོ་བའི་དོན་མཛད་ཕྱིར།  །

དཔལ་ལྡན་བླ་མ་བཞུགས་སུ་གསོལ།  །

 

ལུས་ཀྱིས་གུས་པའི་བརྐྱང་ཕྱག་འཚལ།  །

ངག་གིས་དད་པའི་བསྟོད་ཕྱག་འཚལ།   །

ཡིད་ཀྱིས་བརྩེ་གཅིག་མོས་ཕྱག་འཚལ།  །

ཕྱག་འཚལ་དཔལ་ལྡན་བླ་མ་ལའོ།  །

བདག་སོགས་སེམས་ཅན་ཐམས་ཅད་ཀུན།   །

སྒོ་གསུམ་སྒྲིབ་པ་དག་པར་ཤོག   །

 

སྐུ་གསུམ་སྐུ་ལྔའི་བདག་ཉིད་ཆེ།   །

བླ་མའི་སྐུ་ལ་ཕྱག་འཚལ་བསྟོད།  །

 

ཟབ་རྒྱས་ཐེག་དགུའི་ཆོས་ཀྱི་མཛོད།   །

བླ་མའི་གསུང་ལ་ཕྱག་འཚལ་བསྟོད།   །

 

ཀུན་མཁྱེན་ཡེ་ཤེས་ལྔ་དང་ལྡན།   །

བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད།   །

 

བྲལ་སྨིན་དྲུག་བཅུ་རྩ་བཞི་མངའ།   །

བླ་མའི་ཡོན་གཏན་ཚོགས་ལ་བསྟོད།   །

 

མཁའ་མཉམ་འཁོར་བ་དོང་ནས་སྤྲུགས།   །

བླ་མའི་ཕྲིན་ལས་ཚོགས་ལ་བསྟོད།   །

 

སྟོང་ཁམས་ཕྱི་ཡི་མནྜལ་དང་།   །

ཕུང་ཁམས་ནང་གི་མནྜལ་དང་།   །

རིགས་ཁམས་གསང་བའི་མནྜལ་རྣམས།   །

འབུལ་ལོ་བླ་མ་རྗེ་ལ་འབུལ།   །

བཞེས་ནས་བདག་རྒྱུད་བྱིན་གྱིས་རློབས།   །

འགྲོ་རྣམས་ཚོགས་ཆེན་རྫོགས་པར་ཤོག   །

 

སྣང་སེམས་འདྲེས་པའི་ཕྱི་མཆོད་དང་།  །

གཙང་རྨེ་དག་པའི་ནང་མཆོད་དང་།  །

ཟུང་འཇུག་གཉིས་མེད་གསང་མཆོད་རྣམས།  །

རྗེ་བཙུན་བླ་མ་རྣམས་ལ་འབུལ།   །

བཞེས་ནས་བདག་གཞན་བྱིན་གྱིས་རློབས།   །

ཚོགས་གཉིས་བྲེ་ཁ་གང་བར་ཤོག   །

 

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན།   །

བཅུ་དྲུག་ལྷ་མོའི་རོལ་གར་བསྒྱུར།   །

འཁོར་འདས་བཀོད་པ་ཅིར་ཡར་སྣང་།     །

དཔལ་ལྡན་བླ་མའི་ཚོགས་ལ་འབུལ།   །

བཞེས་ནས་སྣང་སྲིད་བྱིན་གྱིས་རློབས།   །

ཉམས་རྟོགས་རྩལ་ཁ་རྒྱས་པར་ཤོག   །

 

ཐོག་མེད་དུས་ནས་ད་ལྟའི་བར།  །

མ་རིག་དབང་གིས་བསགས་པ་ཡི།   །

མི་དགེ་བཅུ་དང་མཚམས་མེད་ལྔ།    །

རང་བཞིན་ཁ་ན་མ་ཐོ་དང་།  །

སྡོམ་གསུམ་འགལ་ཉམས་འདས་རལ་གྱི།    །

བཅས་པའི་ཁ་ན་མ་ཐོ་རྣམས།   །

རྗེ་བཙུན་བླ་མའི་སྤྱན་སྔར་བཤགས།  །

སྒྲིབ་ཚོགས་མ་ལུས་བྱང་ནས་སུ།   །

ས་ལམ་བར་ཆད་མེད་པར་ཤོག  །

 

སོ་སོའི་སྐྱེ་བོས་བསགས་པ་ཡི།   །

ཟག་བཅས་དགེ་ལ་རྗེས་ཡི་རངས་།    །

འཕགས་པའི་ཚོགས་ཀྱིས་བསགས་པ་ཡི།   །

ཟག་མེད་དགེ་ལ་རྗེས་ཡི་རང་།   །

དཔལ་ལྡན་བླ་མ་དམ་པ་ཡི།   །

རྣམ་ཐར་ཀུན་ལ་རྗེས་ཡི་རང་།   །

མ་བྱས་བསགས་པའི་དགེ་བ་དེས།    །

ཚོགས་གཉིས་འབད་མེད་ལྷུན་གྱིས་གྲུབ།   །

ས་ལམ་མྱུར་དུ་རྫོགས་པར་ཤོག   །

 

གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི།    །

རང་རང་དབང་པོ་མཚམས་པ་ཡི།   །

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་དེ།   །

རྒྱུན་ཆད་མེད་པར་བསྐོར་དུ་གསོལ།   །

རྨོངས་པའི་དྲྭ་བ་ཀུན་བཅད་དེ།   །

ཡེ་ཤེས་སྣང་བ་རྒྱས་པར་ཤོག   །

 

ངོ་བོ་རྟག་པ་ཆོས་ཀྱི་སྐུ།   །

རྒྱུན་གྱི་རྟག་པ་ལོངས་སྤྱོད་རྫོགས།   །

ཆད་མེད་རྟག་པ་སྤྲུལ་པའི་སྐུ།    །

སྐུ་གསུམ་ཚུལ་སྟོན་བླ་མ་རྣམས།   །

མྱ་ངན་འདའ་ཚུལ་མི་སྟོན་པར།   །

རྟག་བརྟན་འགྱུར་མེད་གཡུང་དྲུང་གི   །

ངོ་བོར་དུས་ཀུན་བཞུགས་ནས་སུ།    །

གདུལ་བྱར་གྱུར་ཀུན་སངས་རྒྱས་ཀྱི།   །

ས་ལ་མྱུར་དུ་འགོད་པར་ཤོག   །

 

བདག་གཞན་འགྲོ་བ་མ་ལུས་པའི།   །

ཟག་བཅས་ཟག་མེད་ཟུང་འཇུག་གི   །

དུས་གསུམ་དགེ་ཚོགས་ཅི་བསགས་པ།   །

འགྲོ་རྣམས་བླ་མ་སངས་རྒྱས་ཀྱི།  །

གོ་འཕང་ཐོབ་ཕྱིར་བསྔོ་བར་བྱ།   །

 

བདག་སོགས་ཚེ་རབས་གར་སྐྱེས་ཀྱང་།   །

བླ་མ་རྣམས་དང་མི་འབྲལ་ཞིང་།   །

གདམས་ཟབ་བདུད་རྩི་ལོངས་སྤྱད་ནས།  །

རྗེ་དང་དགོངས་པ་མཉམ་ནས་སུ།   །

ཕྲིན་ལས་མཐའ་དག་སྒྲུབ་པར་ཤོག  །

 

ཁྱབ་བདག་བླ་མའི་གནས་བཞིའི་ས་བོན་ལས།   །

འོད་འཕྲོས་སྲས་བཅས་རྒྱལ་བའི་བྱིན་རླབས་བསྡུས།   །

སླར་ཡང་རང་ཐིམ་དབང་དང་དངོས་གྲུབ་ཐོབ།   །

སྒྲིབ་བྲལ་སྐུ་དང་ཡེ་ཤེས་མངོན་དུ་གྱུར།   །

ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།

ཞེས་སྤྱི་སྔགས་དང་སོ་སོའི་མཚན་སྔགས་ཀྱང་བཟླ།

 

རྗེ་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས།   །

རྗེ་མི་ལ་བཞེད་པ་རྡོ་རྗེ་ལ་གསོལ་བ་འདེབས།    །

རྗེ་དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས།

སྐབས་ཐོབ་སོ་སོར་བརྗོད།   སྤྱིར་བཏང་དུ་རྡོ་རྗེ་འཆང་ཐུང་མ་དང་ཀར་མཁྱེན་འདོན།     །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།   སོགས་བརྗོད་དོ།   །

 

བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །

བདག་འཛིན་བློ་ཡི་ཐོངས་བར་བྱིན་གྱིས་རློབས། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །

རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །

འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །

སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །

 

ཚོགས་ཡོད་ན།

རང་གཞོན་མཛེས་ལང་ཚོ་ལྟ་ན་སྡུག   །

ལུས་ཚོ་བསྣུམ་ཆེ་བརྗིད་བཀྲག་མདངས་ལྡན།    །

མདུན་རང་བྱུང་ཐོད་སྒྱེད་གསུམ་སྟེང་དུ།    །

རང་ཐོད་པ་ཀག་གིས་འཕར་བ་བཙུག    །

དེའི་ནང་དུ་རང་ལུས་ལྟེམ་གྱིས་ཞུ།    །

སྙིགས་མ་དག་ལྦུ་བའི་ཚུལ་དུ་ལུད།   །

ཟེར་རླང་པ་འཁོར་འདས་དྭངས་བཅུད་ཀུན།   །

སྔགས་འབྲུ་གསུམ་ཆར་ལྟར་བབས་ནས་ཐིམ།   །

རྫས་དཀར་མངར་ཤ་ལྔ་བདུད་རྩི་ལྔ།   །

ལྷ་མཆོད་སྒྲུབ་བརྟེན་བསྐང་དགྱེས་པའི་ཚོགས།   །

གནས་སྟོང་ཁམས་མ་ལུས་གང་བར་གྱུར།  །

སེམས་རྣམ་ཤེས་མཆོད་པའི་ལྷ་མོའི་ཚོགས།  །

མདོག་དཀར་སེར་དམར་ལྗང་མཐིང་ནག་ཁྲ།   །

གྲངས་ཉི་ཟེར་རྡུལ་ལྟར་འཁྲིགས་པ་དེས།  །

གནས་མཆོད་ཡུལ་ཀུན་ལ་སོ་སོར་མཆོད།  །

 

ཕ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་དང་།  །

ལྷ་རྩ་གསུམ་རབ་འབྱམས་རྒྱ་མཚོ་ལ།  །

ཚོགས་ཟག་མེད་བདུད་རྩི་མཆོད་སྤྲིན་འབུལ།   །

དབང་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ།  །

རྐྱེན་བར་ཆད་ལྷག་མེད་དབྱིངས་སུ་ཞི།  །

ཚེ་གཅིག་ལ་སངས་རྒྱས་འགྲུབ་པར་མཛོད།  །

 

སྐྱབས་མཆོག་གསུམ་ཀུན་འདུས་བླ་མ་དང་།   །

ལྷ་ཡི་དམ་རྒྱུད་སྡེ་བཞི་དྲུག་དང་།  །

མ་གནས་གསུམ་མཁའ་འགྲོ་ཆོས་སྐྱོང་དང་།  །

ཡུལ་སྣང་སྲིད་ལྷ་འདྲེ་ཆེ་ཕྲ་དང་།  །

གནས་འགྲོ་དྲུག་བར་དོའི་ཡིད་ལུས་དང། །

སྔོན་ཚེ་རབས་མང་པོའི་ལན་ཆགས་རྣམས།  །

དེ་ཀུན་ཀྱང་བླ་མའི་རོལ་པར་ཤར།  །

ད་འཁོར་འདས་རོ་མཉམ་མགྲོན་རིགས་ལ།  །

ཐུགས་གང་ལ་གང་བཞེད་དེ་ལ་དེར།  །

དུས་གཅིག་ལ་འཆར་བས་ཐུགས་དམ་བསྐང་།  །

 

རྗེ་བླ་མའི་ཐུགས་དང་འགལ་བ་སོགས།  །

སྡིག་ཉམས་ཆགས་ཉེས་ལྟུང་དག་པ་དང་།  །

རྒྱུ་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་།  །

ཉམས་རྟོགས་པའི་རྩལ་ཆེན་མྱུར་དུ་རྫོགས།  །

ལམ་ལྔ་བགྲོད་ས་བཅུ་ཐོབ་པ་ལ།  །

གེགས་གོལ་ཤོར་ནམ་ཡང་མི་འབྱུང་ཞིང་།  །

འབྲས་དོན་གཉིས་ལྷུན་གྲུབ་སྐུ་གཉིས་ཐོབ།  །

ཚེ་གཅིག་ལ་མངོན་སངས་རྒྱས་པར་ཤོག  །

ཚོགས་ལ་རོལ་ནས།

 

རྗེ་བླ་མའི་ཕྲིན་ལས་སྤྲུལ་པའི་ཚོགས།  །

མགོན་མ་ཧཱ་ཀ་ལ་དུད་སོལ་མ།  །

དཔལ་རང་བྱུང་རེ་ཏི་སྤྱང་ཞོན་མ།  །

ཞིང་སྐྱོང་བའི་ལྷ་སྨན་ཚེ་རིང་མཆེད།  །

མ་མཁའ་འགྲོ་གིང་ལང་ཕོ་ཉའི་ཚོགས།  །

གནས་མུ་རན་སྐྱོང་བའི་ལྷག་མགྲོན་ལ།  །

ཚོགས་ལྷག་མ་འདོད་ཡོན་མཆོད་པའི་སྤྲིན།  །

རྫས་ཟག་མེད་བདུད་རྩི་རྒྱ་མཚོ་ཆེ།  །

གཞན་ཤ་རི་ཁྲག་མཚོ་རུས་པའི་གྲམ།  །

འདི་བཞེས་ལ་ལས་བཞིའི་ཕྲིན་ལས་སྒྲུབ།  །

རྐྱེན་ཕྱི་ནང་བར་ཆད་མི་འབྱུང་ཞིང་།  །

སེམས་ཉམས་རྟོགས་འཕེལ་བའི་སྡོང་གྲོགས་མཛོད།  །

 

མདུན་གྱི་བླ་མའི་ལྷ་ཚོགས་རྣམས།  །

འོད་དུ་ཞུ་ནས་རང་ལ་ཐིམ། །

ཐུགས་ཡིད་གཅིག་འདྲེས་ངང་ལ་བཞག  །

འདི་བྱ་འདི་བྱེད་གཏད་སོ་བྲལ།  །

མ་བཅོས་རང་བབས་ཕྱག་རྒྱ་ཆེ།  །

 

བདག་གཞན་འགྲོ་བ་མ་ལུས་པའི།  །

ཟག་བཅས་ཟག་མེད་ཟུང་འཇུག་གི  །

དུས་གསུམ་དགེ་ཚོགས་ཅི་བསགས་པ།  །

འགྲོ་རྣམས་བླ་མ་སངས་རྒྱས་ཀྱི།  །

གོ་འཕང་ཐོབ་ཕྱིར་བསྔོ་བར་བྱ།  །

 

བདག་སོགས་ཚེ་རབས་གར་སྐྱེས་ཀྱང་།  །

བླ་མ་རྣམས་དང་མི་འབྲལ་ཞིང་།  །

གདམས་ཟབ་བདུད་རྩི་ལོངས་སྤྱད་ནས།  །

རྗེ་དང་དགོངས་པ་མཉམ་ནས་སུ།  །

ཕྲིན་ལས་མཐའ་དག་སྒྲུབ་པར་ཤོག  །

 

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི  །

བསྟན་པས་ས་ཆེན་ཁྱབ་པ་དང་།  །

བསྟན་སྒོར་ཞུགས་པའི་གང་ཟག་རྣམས།  །

གྲུབ་པ་ཐོབ་པའི་བཀྲ་ཤིས་ཤོག   །

 

ཅེས་པ་འདིའང་པདྨ་ཕྲིན་ལས་སྙིང་པོའམ་ཀརྨ་ཕྲིན་ལས་རྒྱ་མཚོས་བཀྲ་ཤིས་ཆོས་གླིང་གི་རི་ཁྲོད་དུ་སྦྱར་བའོ།  །འགྲོ་རྣམས་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག   །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept