Taking Death as a Friend—Tibetan

Literary Genres › Advice | Buddhist Philosophy › Dying & the Bardos | བོད་ཀྱི་བླ་མ།མར་པ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

མར་པ་ཆོས་ཀྱི་བློ་གྲོས།

མར་པ་ཆོས་ཀྱི་བློ་གྲོས།

Further information:
Download this text:

༄༅། །འཆི་བ་གྲོགས་སུ་འཁྱེར་བའི་གཟེར།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐབས་དེ་དག་གིས་མ་ཡོལ་ན་རྣལ་འབྱོར་པ་དུས་ལ་ཐུག་པ་ཡིན་པས། འཆི་བ་གྲོགས་སུ་འཁྱེར་བར་བྱས་ཏེ། དེ་ལ་འཇིག་རྟེན་པ་འཆི་བ་ལ་དགྲར་འཛིན་ལ། རྣལ་འབྱོར་པ་བླ་མའི་གདམས་ངག་དང་ལྡན་པའི་སྒོ་ནས་འཆི་བའི་དུས་ཉིད་དམ། བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་གྲོགས་སུ་འཁྱེར་བའོ། །དེ་ལ་འགྲོ་བ་རིགས་དྲུག་གི་ནང་ནས་ཁྱད་པར་དུ་མི་ལ་འཆི་བའི་དུས་སུ་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མི་འབྱུང་མི་སྲིད་པས། དེ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། རང་བཞིན་འབྱུང་ཚུལ་དང༌། ལམ་དུ་སློང་ཚུལ་ལོ། །དང་པོ་ནི་རིམ་གྱིས་འཆི་བ་དང༌། ཅིག་ཅར་འཆི་བ་གཉིས་ཀ་ལ་རྟགས་འདི་དག་འབྱུང་སྟེ། ས་ཆུ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་ལུས་ལྕི་བ་འབྱུང༌། ནང་རྟགས་སུ་དུ་བ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པའི་དུས་སུ་ཕྱི་རྟགས་སུ་ལུས་ཀྱི་མཐའ་ནས་དྲོད་འཆོར། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང༌། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་དབུགས་ཤྭ་ཤྭ་ལྟ་བུ་འབྱུང༌། ནང་རྟགས་ཕྱི་རོལ་གྱི་སྣང་བ་ནུབ་སྟེ། རྣམ་པར་ཤེས་པ་བུམ་ནང་གི་མར་མེ་ལྟར་གསལ་བ་འབྱུང༌། རྣམ་པར་ཤེས་པ་འོད་གསལ་བ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་ནད་པ་ཤོར་ཟེར། ནང་རྟགས་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ཆོས་ཀྱི་སྐུ་ཇི་ལྟ་བུ་གཅིག་དུས་དེར་འབྱུང་ངོ༌། །དེ་ལྟ་བུ་དེ་ལམ་དུ་སློང་པ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །དང་པོ་ཐུན་མོང་གི་ཡན་ལག་ཏུ་བླ་མའམ་གྲོགས་གདམས་ངག་གསོ་ནུས་པ་ལ་བསྟེན། ཧུ་གད་དང་གཡེང་བ་འབྱུང་བའི་རྒྱུ་ཡང༌། རྫས་དང་ཡོ་བྱད་ཚོགས་གསོག་ཏུ་བཏང༌། ཡི་དམ་གྱི་ཐང་སྐུ་བཀྲམ། མཆོད་པ་ལ་སོགས་པ་བཤམས། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་བསྒོམ། སྒྱུ་མ་ཙམ་དུ་བདག་གིས་ཇི་ལྟར་བསམ་པའི་དོན་དེ་མི་གྲུབ་མི་སྲིད་སྙམ་དུ་སེམས་ཀྱི་གདེང་ཆེན་པོ་བྱ། སྦྱོར་བ་བདག་གིས་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བྱའོ་སྙམ་དུ་བསམ། དེ་མ་ཐོབ་ན་བར་དོར་སྒྱུ་མའི་ལུས་ལ་སྒྱུ་མའི་ལུས་སུ་ངོ་ཤེས་པར་བྱའོ། །སྙམ་པའི་འཕེན་པ་ཡང་དང་ཡང་དུ་བྱའོ། །དེ་ནས་རང་ཡི་དམ་ལྷར་བསྒོམས་ལ་ཙཎྜ་ལི་ལ་སོགས་པའི་རྫོགས་རིམ་གྱི་ཉམས་མྱོང་གང་སྐྱེས་པ་གཅིག་ལ་བློ་བཞག་གོ །དངོས་གཞི་ལ་འོད་གསལ་དུ་བསྒོམས་པས་ཆུ་སྣ་དང་བེའུ་མ་ཕྲད་པ་བཞིན་དུ་མ་བཅོས་པའི་ཤེས་པ་མ་དང་བུ་རུ་བརྡ་འབྱོར་ཏེ། རང་གི་འོད་གསལ་ཉམས་སུ་མྱོང་བ་དང་བར་དོའི་འོད་གསལ་མཚན་ཉིད་པ་གཉིས་ཕྲད་ནས། རྗེས་ལ་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ཆོས་ཀྱི་སྐུ་ཐོབ་པའོ། །དེ་མ་ཐོབ་ན་བར་དོར་སྒྱུ་མའི་ལུས་སུ་ཞག་བདུན་ནམ་བདུན་ཕྲག་བདུན་སྡོད་པ་ལས། བདུན་ཚོ་རེ་ལ་རང་བཞིན་གྱི་འོད་གསལ་རེ་འབྱུང་སྟེ། དེའི་དུས་ཀྱི་འོད་གསལ་དང་སྒྱུ་མའི་ལུས་ལ་དེར་ངོ་ཤེས་པ་མེད་པས་ཁམས་གསུམ་དུ་འཁོར་རོ། །རྣལ་འབྱོར་བ་སྔར་གྱི་འཕེན་པའི་སྟོབས་ཀྱིས་དེའི་དུས་ཀྱི་འོད་གསལ་དང་སྒྱུ་མའི་ལུས་ལ་དེར་ངོ་ཤེས་པའི་རྟོག་པ་མི་འབྱུང་མི་སྲིད་དོ། །དེ་འབྱུང་བའི་སྟོབས་དང༌། ལུས་ཀྱི་རྟེན་བཟང་པོའི་སྟོབས་ཀྱིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པའོ།། །།འཆི་བ་གྲོགས་སུ་འཁྱེར་བའི་གཟེར། །ཨྠིྀ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept