Hitting the Essence in Three Words—The Commentary—Tibetan

Dzogchen | Tibetan MastersPatrul Rinpoche

English | Français | བོད་ཡིག

༄༅། །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཀྱི་འགྲེལ་བ་བཞུགས་སོ། །

༄༅། །མཚུངས་མེད་ཐུགས་རྗེའི་མངའ་བདག་དྲིན་ཅན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་ལྟ་སྒོམ་སྤྱོད་པའི་གནད་ཉུང་ངུ་ཉམས་སུ་ལེན་པའི་ཚུལ་འཆད་པ་ལ། དང་པོ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པའི་ཕྱིར་དེ་ལ་ཕྱག་འཚལ་བ་ཁོ་ནས་སྐྱབས་གནས་ཇི་སྙེད་པ་ལ་ཕྱག་འཚལ་བར་འགྱུར་བའི་ཕྱིར། བླ་མ་ལ་ཕྱག་འཚལ་ལོ་ཞེས་སོ། །དེ་ནས་བཤད་བྱའི་དོན་ཡང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་རང་སེམས་དང་དབྱེར་མེད་པར་ཤེས་ནས་ཉམས་སུ་བླངས་ན་ལྟ་སྒོམ་སྤྱོད་གསུམ་ཡང་དེར་འདུ་བ་ཡིན་པས་ན། ལྟ་སྒོམ་སྤྱོད་གསུམ་རྩ་བརྒྱུད་ཀྱི་བླ་མའི་མཚན་དོན་དང་སྦྱར་ནས་འཆད་པའི་དང་པོ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཀློང་ཆེན་པོ་ན་འཁོར་འདས་ཀྱི་སྣང་བ་རབ་འབྱམས་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་པའི་དོན་ཤེས་པ་ནི་ལྟ་བ་ཡིན་པས་ན། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་གྱི་རང་བཞིན་མཁྱེན་ཆ་ཤེས་རབ་ལྷག་མཐོང་གིས་གཏན་ལ་འབེབས་ཤིང་སྟོང་ཉིད་དེའང་སྙིང་རྗེ་བརྩེ་བ་ཆེན་པོའི་ཞི་གནས་ཀྱི་ཐབས་དང་མ་བྲལ་བར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྟོང་ཉིད་སྙིང་རྗེ་དང་འབྲེལ་བ་ནི་སྒོམ་པ་ཡིན་པས་ན། སྒོམ་པ་མཁྱེན་བརྩེའི་འོད་ཟེར་ཡིན། དེ་ལྟ་བུའི་སྒོམ་དང་ལྡན་པའི་ངང་ནས་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་དང་མཐུན་པའི་གཞན་ཕན་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ནི་སྤྱོད་པ་ཡིན་པས་ན། སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པའི་གང་ཟག་དེ་སྐལ་པ་དང་ལྡན་པར་སྟོན་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་པ་ལ། དེའང་གནས་དབེན་པའི་རི་ཁྲོད་བསྟེན་ནས་འཇིག་རྟེན་ཚེ་འདིའི་བྱ་བ་བཏང་སྟེ་རྩེ་གཅིག་ཏུ་ཉམས་སུ་ལེན་ནུས་ན་ཚེ་འདིར་ཀ་དག་གི་གཞི་ཐོག་ཏུ་གྲོལ་བར་འགྱུར་བས་ན། ཚེ་གཅིག་སངས་རྒྱས་ལ་ཐང་མེད། དེ་ལྟར་མིན་ཡང་དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ལ་བློ་ཁ་ཕྱོགས་པ་ཙམ་ཡོད་ཀྱང༌། ཚེ་འདིར་རྐྱེན་ངན་ལམ་དུ་ཁྱེར་ཤེས་པ་དང༌། ཚེ་འདིའི་བྱ་བཞག་ལ་རེ་དོགས་མང་པོ་མི་སྐྱེ་ཞིང་ཕྱི་མ་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་བས་ན། མིན་ཡང་བློ་བདེ་ཨ་ལ་ལ། དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་རིམ་བཞིན་འཆད་པ་ལས། དང་པོ་ལྟ་བ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་འདོད་ནས། ལྟ་བ་ཀློང་ཆེན་རབ་འབྱམས་ནི། དེ་ཡང་དོན་གདམས་ངག་ཚིག་གསུམ་ཉམས་ལེན་གྱི་གནད་ལ་བརྡེག་པས་འཁྲུལ་པའི་སྲོག་གཅོད་པར་བྱེད་པ་ཡིན་པས་ན། ཚིག་གསུམ་དོན་གྱི་གནད་དུ་བརྡེག དང་པོ་ལྟ་བ་ངོ་མ་འཕྲོད་པ་ངོ་སྤྲོད་པའི་ཐབས་ལ། སྤྱིར་མཚན་ཉིད་ཐེག་པ་ནས་ལྟ་བ་ལུང་རིགས་པ་བཞི་དག་གཏན་ལ་འབེབས་པ་དང༌། གསང་སྔགས་ཐུན་མོང་བ་རྣམས་ཀྱིས་དབང་གསུམ་པའི་དཔེའི་ཡེ་ཤེས་བརྟེན་ནས་བཞི་པའི་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་སོགས་ལུགས་མང་ཡང་འདིར་སྒྲུབ་བརྒྱུད་དམ་པ་རྣམས་ཀྱི་ཕྱག་བཞེས་ལྟར་ན་སེམས་ཀྱི་ཡལ་ས་ངོ་སྤྲོད་པ་སྟེ། དེའང་འཁྲུལ་རྟོག་གི་རྦ་རླབས་ཚུབ་པའི་དུས་ན་ཡུལ་གྱི་རྗེས་སུ་འབྲང་བའི་རྣམ་རྟོག་རགས་པ་དག་གིས་སེམས་ཉིད་ཀྱི་རང་ཞལ་བསྒྲིབས་པས་ན་ངོ་སྤྲོད་ཀྱང་མི་འཕྲོད་པ་དེའི་ཕྱིར་རགས་པའི་རྣམ་རྟོག་དྭངས་སུ་གཞུག་པའི་ཕྱིར། །དང་པོ་རང་སེམས་ལྷོད་དེ་གཞག འོན་ཀྱང་རང་སེམས་མ་བཅོས་པར་བཞག་པ་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་ལ། བཅོས་མའི་ལམ་གྱིས་གནས་ལུགས་མི་རྟོགས་པས་ན་མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་མཚོན་པའི་ཕྱིར། མི་སྤྲོ་མི་བསྡུ་རྣམ་རྟོག་མེད། ལས་དང་པོ་པའི་གནས་སྐབས་ན་སེམས་རང་བཞག་གཉུག་མའི་ངང་བསྐྱངས་ཀྱང༌། གནས་ཆ་བདེ་གསལ་མི་རྟོག་སོགས་ཉམས་ཀྱི་ཞེན་པ་དང་བཅས་པའི་ངང་ལས་འདའ་མི་སྲིད་པས་ན། ངང་ལ་ཕྱམ་གནས་ལྷོད་དེའི་དུས། དེ་ལྟ་བུའི་ཉམས་ཞེན་གྱི་སྦུབས་དང་བྲལ་ནས་རིག་པ་གཅེར་བུ་ཟང་མ་ཐལ་བྱུང་གི་གནས་ལུགས་རྗེན་པར་སྟོན་པའི་ཕྱིར། ཐོལ་བྱུང་བློ་རྡེག་ཕཊ་ཅིག་རྒྱབ། རྣམ་རྟོག་གི་རྒྱུན་ཐག་གཅོད་པ་དང༌། བློས་བྱས་ཀྱི་སྒོམ་པ་འཇིག་པ་ལ་གནད་དུ་ཆེ་བས་ཕཊ་སྒྲ་དེའང་དྲག་ལ་ངར་ཐུང་བ་དགོས་པས། དྲག་ལ་ངར་ཐུང་ཨེ་མ་ཧོ། དེའི་ཚེ་ན་སེམས་འདི་ཡིན་གྱི་གཟའ་གཏད་ཐམས་ཅད་དང་བྲལ་བ་ནི། གྲོལ་བ་མངོན་དུ་གྱུར་པས་ན། ཅི་ཡང་མ་ཡིན་ཧད་དེ་བ། དེ་ལྟ་བུའི་གཏད་སོ་དང་བྲལ་བའི་ཆོས་སྐུའི་ངང་ན་ཟང་ཐལ་རྗེན་པའི་རིག་ཆ་སེམས་ལས་འདས་པའི་ཡེ་ཤེས་ཇི་བཞིན་པར་བཞུགས་པས་ན། ཧད་དེ་བ་ལ་ཟང་ཐལ་ལེ། དེ་ལྟ་བུའི་ཟང་ཐལ་དེ་ཡང་སྐྱེ་འགག་ཡོད་མེད་ལ་སོགས་པའི་མཐའ་ལས་འདས་ཤིང༌། ངག་དང་ཡིད་ཀྱི་རྩོལ་རྟོག་གི་ཡུལ་ལས་འདས་པའི་རང་གནས་ཡེ་ཤེས་བརྗོད་བྲལ་གྱི་གནད་ཡིན་པས་ན། ཟང་མ་ཐལ་བྱུང་བརྗོད་དུ་མེད། དེ་ལྟ་བུའི་གནད་དོན་དེ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྣལ་འབྱོར་ལམ་གྱི་ཀ་དག་སྤྲོས་བྲལ་དོན་གྱི་ལྟ་བ་ཡིན་པས་འདི་ཁོ་ན་ངོ་མ་ཤེས་ཀྱི་བར་དུ། ཇི་ལྟར་བསྒོམས་ཤིང་ཉམས་སུ་བླང་ཀྱང་བློས་བྱས་བཅོས་མའི་ལྟ་སྒོམ་ལས་མི་འདའ་བས། རང་བཞིན་རྫོགས་པ་ཆེན་པོའི་ལམ་དང་གནམ་ས་བས་རིང་ཞིང་བསྒོམ་མེད་འོད་གསལ་གྱི་འཁོར་ལོའི་གནད་མེད་པས་ན། འདི་ཁོ་ན་ངོ་ཤེས་པ་དང་པོ་གལ་ཆེ་བས་ན། ཆོས་སྐུའི་རིག་པ་ངོས་ཟུངས་ཤིག དེ་ལྟ་བུའི་དོན་དེ་ཚིག་གསུམ་གནད་དུ་བརྡེག་པའི་དང་པོ་ཡིན་ཞིང༌། ལྟ་བས་ངོ་མ་འཕྲོད་ན་སྒོམ་པས་ངང་སྐྱོང་རྒྱུ་མི་འོང་བས་དང་པོ་ལྟ་བ་ངོ་འཕྲོད་པ་གལ་ཆེ་ལ། དེ་ཡང་རང་གནས་ཀྱི་ཡེ་ཤེས་རང་ལ་གནས་པ་ཉིད་ངོ་སྤྲོད་པ་ཡིན་གྱིས་གཞན་ནས་བཙལ་དུ་ཡོད་པ་མ་ཡིན། སྔར་མེད་རྒྱུད་ལ་སྐྱེས་པ་མ་ཡིན་པས་ན། ངོ་རང་ཐོག་ཏུ་སྤྲོད་པ་སྟེ། གནད་དང་པོའོ། །

དེ་ནས་སྒོམ་པ་ཉམས་སུ་ལེན་ཚུལ་རྒྱས་པར་འཆད་པ་ལ་ངང་བཞག་ཆུ་བོའི་རྒྱུན་གྱི་སྒོམ་པ། དུས་དང་གནས་སྐབས་ཐམས་ཅད་དུ་ཡོད་པས་ལ་གནས་འཕྲོ་ལ་དགག་སྒྲུབ་མེད་པར་གནས་ན་ཆོས་སྐུའི་ངང་ངོ། འཕྲོ་ན་ཡེ་ཤེས་ཀྱི་རང་རྩལ་དུ་སྐྱོང་བས་ན། དེ་ནས་འཕྲོའམ་གནས་ཀྱང་རུང༌། སེམས་རྣམ་རྟོག་གི་རྩལ་ལས་ཀུན་འབྱུང་གི་བདེན་པ་ཁྲོ་ཆགས་སོགས་ཉོན་མོངས་པ་དང༌། སྡུག་བསྔལ་གྱི་བདེན་པ་སྐྱིད་སྡུག་སོགས་ཚོར་བའི་རོ་མྱོང་གང་སྐྱེས་ཀྱང་རྣམ་རྟོག་དེ་དག་གི་རང་བཞིན་ཆོས་ཉིད་དུ་ཤེས་ན་ཆོས་སྐུའི་ཡོ་ལངས་སུ་འགྱུར་བས་ན། ཁྲོའམ་ཆགས་སམ་སྐྱིད་དམ་སྡུག དེ་ལྟར་མ་ཟད་སྤྱིར་ལྟ་བས་ངོ་འཕྲོད་ཀྱང་སྒོམ་པས་ངང་མ་འཁྱོངས་པར་འཁྲུལ་འབྱམས་ཐ་མལ་དུ་ཤོར་ན་རྣམ་རྟོག་རང་རྒྱུད་པས་འཁོར་བར་འཆིང་ཞིང༌། ཆོས་དང་རང་རྒྱུད་སོ་སོར་སོང་ནས་ཐ་མལ་བ་དང་ཁྱད་མེད་པར་འགྱུར་བས་མི་བསྒོམ་པ་རང་བཞག་ཆེན་པོ་དང་ནམ་ཡང་མི་འབྲལ་ཞིག་དགོས་པས་ན། དུས་དང་གནས་སྐབས་ཐམས་ཅད་དུ། དེ་ལྟར་གནས་འཕྲོ་སོགས་གང་གི་ཚེའང་ཉོན་མོངས་པ་དང༌། རྣམ་རྟོག་ཐ་དད་པ་རེ་རེར་གཉེན་པོ་ཐ་དད་པ་རེ་རེས་འདུལ་བ་མ་ཡིན་གྱི་རྣམ་རྟོག་དང་ཉོན་མོངས་གང་སྐྱེས་ཀྱང་གཉེན་པོ་ཆིག་ཆོད་ཀུན་གྲོལ་སྔར་ངོ་སྤྲད་པའི་ལྟ་བ་དེ་གཅིག་པུ་ངོས་འཛིན་པ་ལ་འདུ་བས། ངོ་ཤེས་ཆོས་སྐུ་ངོས་བཟུང་ལ། དེ་ཡང་རྣམ་རྟོག་དང་ཉོན་མོངས་པ་གང་སྐྱེས་ཀྱང་དེ་ཉིད་ཆོས་སྐུའི་ཡེ་ཤེས་ལས་ལོགས་ཤིག་མ་ཡིན་གྱི་རྣམ་རྟོག་དེ་དག་གི་རང་བཞིན་ཆོས་སྐུ་གཞིའི་འོད་གསལ་དངོས་ཡིན་པས་དེ་ངོ་ཤེས་ན། གཞི་གནས་མའི་འོད་གསལ་ཞེས་བྱ་ལ། སྔར་བླ་མས་ངོ་སྤྲོད་པའི་རང་རིག་འོད་གསལ་གྱི་ལྟ་བ་རང་ངོ་ཤེས་པ་ནི་ཉམས་ལེན་ལམ་གྱི་འོད་གསལ་ཞེས་བྱ་སྟེ། གཞི་ལམ་གྱི་འོད་གསལ་གཉིས་དབྱེར་མེད་དུ་གྱུར་པའི་རང་ངོ་ལ་གནས་པ་ནི་འོད་གསལ་མ་བུ་འཕྲོད་པ་ཞེས་བྱ་བས་ན། སྔར་འདྲིས་འོད་གསལ་མ་བུ་སྤྲད། དེ་ལྟར་ནམ་ཡང་ལྟ་བ་རང་ངོ་ཤེས་པའི་འོད་གསལ་དེ་དྲན་པར་བྱས་ནས། དེའི་ངང་ལ་བཞག་པ་ལས་རྩལ་གྱི་རྣམ་རྟོག་དང་ཉོན་མོངས་པ་ལ་དགག་སྒྲུབ་སྤང་བླང་ཡང་གང་མི་བྱ་བ་ནི་གནད་ཀྱི་དམ་པ་ཡིན་པས། བརྗོད་མེད་རིག་ཆའི་ངང་ལ་གཞག དེ་ལྟ་བུའི་ངང་དེ་ཡུན་རིང་དུ་བསྐྱངས་པ་ན་ལས་དང་པོ་པའི་ཚེ་བདེ་གསལ་མི་རྟོག་པའི་ཉམས་ཀྱིས་གཉུག་མའི་རང་ཞལ་འགེབས་པས་ཉམས་ཀྱི་ཤུན་པ་དང་བྲལ་ནས་རིག་ངོ་རྗེན་ལ་ཕུད་ན་ཡེ་ཤེས་ཁོང་ནས་གསལ་བ་ཡིན་ཏེ། ཇི་སྐད་དུརྣལ་འབྱོར་སྒོམ་པ་བཤིག་གིན་བཟང༌། ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང༌། ཟེར་བ་ལྟར་ཡིན་པས་ན། གནས་བདེ་གསལ་སྤྲོ་ཡང་ཡང་བཤིག དེ་ཡང་ཇི་ལྟར་བཤིག་ཅེ་ན། གནས་བདེ་གསལ་བའི་ཉམས་སྐྱེ་བདོ་བའི་ཚེའམ། དགའ་སྤྲོ་དང་སྐྱིད་སྣང་སོགས་འཆར་བདོ་བ་དེའི་ཚེ། སྡུད་བྱེད་ཐབས་ཀྱི་ཡི་གེ་ཕ་དང༌། གཅོད་བྱེད་ཤེས་རབ་ཡི་གེ་ཊ་གཉིས་འབྲེལ་བའི་ཕཊ་སྒྲ་དྲག་པོ་ཐོག་ལྷུང་བ་ལྟ་བུས་ཉམས་ཞེན་གྱི་ཤུན་པ་ཐལ་གྱིས་གཏོར་དགོས་ཏེ། ཐབས་ཤེས་ཡི་གེ་གློ་བུར་འབེབས། དེ་ལྟར་ཉམས་མྱོང་གི་གནད་དང་མ་བྲལ་བའི་བརྗོད་མེད་ཀྱི་རིག་པ་ཟང་ཐལ་ལེ་བ་དུས་དང་རྣམ་པ་ཐམས་ཅད་དུ་སྐྱོང་བ་ལས་མཉམ་གཞག་རྗེས་ཐོབ་ཀྱི་སྒོམ་པ་ཐ་དད་དུ་མེད་པས། མཉམ་གཞག་རྗེས་ཐོབ་ཐ་དད་མེད། དེའི་ཕྱིར་དུ་ཐུན་གྱི་ངོ་བོའི་སྒོམ་དང་ཐུན་མཚམས་སྤྱོད་ལམ་གྱི་དུས་ཀྱི་སྒོམ་སོ་སོར་མེད་པས། ཐུན་དང་ཐུན་མཚམས་དབྱེ་བ་མེད། དེ་ལྟར་མི་སྒོམ་པའི་སྒོམ་པ་ཆེན་པོ། རང་གནས་ཕྱལ་བའི་ཡེ་ཤེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམ་རྒྱུ་སྤུ་ཙམ་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པ་ནི། ཇི་སྐད་དུསྒོམ་མ་མྱོང་དང་འབྲལ་མ་མྱོང༌། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པའི་དོན་ཡིན་པས། དབྱེར་མེད་ངང་དུ་རྒྱུན་དུ་གནས། དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་རང་ལམ་སྒྲ་ཇི་བཞིན་པའི་སྣོད་དུ་གྱུར་ཅིག ཐོས་གྲོལ་ཅིག་ཅར་པའི་རིགས་ཅན་ཡིན་ན། །སྣང་སེམས་གཞི་གྲོལ་ཆེན་པོ་ཅི་ཤར་ཆོས་སྐུའི་ཡོ་ལངས་སུ་གྱུར་ནས་བསྒོམ་བྱ་སྒོམ་བྱེད་མེད་ཀྱང་དེ་ལས་གཞན་པའི་རྣམ་རྟོག་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སྐལ་དམན་རིམ་གྱིས་པའི་གང་ཟག་རྣམས་བརྟན་པ་མ་ཐོབ་ཀྱི་བར་དུ་སྒོམ་དགོས་པས་ན། །འོན་ཀྱང་བརྟན་པ་མ་ཐོབ་བར། སྒོམ་པ་དེའང་བསམ་གཏན་གྱི་རྒྱུ་ཚོགས་ཚང་བ་ལས་ཉམས་མྱོང་སྐྱེ་བར་འགྱུར་གྱི་འདུ་འཛི་དང་རྣམ་གཡེང་གི་ཁྲོད་དུ་ཇི་ཙམ་སྒོམ་ཡུན་བསྲིངས་ཀྱང་ཉམས་མྱོང་མི་སྐྱེ་བས་ན། འདུ་འཛི་སྤངས་ནས་སྒོམ་པ་གཅེས། སྒོམ་པའི་ཚེ་ཡང༌། མཉམ་རྗེས་ཀྱི་ཉམས་ལེན་ཐ་དད་དུ་མེད་ཀྱང་དང་པོ་མཉམ་གཞག་གི་རང་ས་མ་ཟིན་ན་ཉམས་མྱོང་གི་ཡེ་ཤེས་རྗེས་ཐོབ་དང་བསྲེ་མི་ནུས་པས། སྤྱོད་ལམ་རྒྱུན་གྱི་ལམ་ཁྱེར་ལ་འབད་པར་བྱས་ཀྱང་སྤྱི་འབྱམས་གཤིས་ཤོར་གྱི་གོལ་ས་ལྡང་བ་ཡིན་པས་ན། མཉམ་བཞག་ཐུན་དུ་བཅད་ལ་བྱ། ཉམས་ལེན་ཐུན་དུ་བཅད་ལ་བྱ། དེ་ལྟར་ཉམས་ལེན་ཐུན་དུ་བཅད་ནས་མཉམ་གཞག་ངོ་བོ་སྐྱོང་བའི་བློ་གཏད་ཁེལ་བ་ལྟ་བུའི་ཉམས་ལེན་ཡོད་ཀྱང༌། དེ་རྗེས་ཐོབ་སྤྱོད་ལམ་དང་བསྲེས་ནས་རྒྱུན་དུ་སྐྱོང་མ་ཤེས་ན། གཉེན་པོས་རྐྱེན་མི་ཐུབ་ཅིང་རྣམ་རྟོག་རྐྱེན་གྱིས་ཁྲིད་ན་ཐ་མལ་པར་འཆོར་བས་རྗེས་ཤེས་ཟང་ཐལ་དུ་སྐྱོང་བ་གལ་ཆེ་བས། དུས་དང་གནས་སྐབས་ཐམས་ཅད་དུ། དེའི་ཚེ་ཡང་བསྒོམ་བྱ་གཞན་ཞིག་ཚོལ་མི་དགོས་ཀྱིས། མཉམ་གཞག་ཆོས་སྐུའི་ལྟ་བ་དེ་ཉིད་དང་མ་བྲལ་བའི་ངང་ནས་བྱ་བྱེད་དང་རྣམ་རྟོག་ཐམས་ཅད་རྩིས་མེད་རང་ཡན་དགག་སྒྲུབ་མེད་པར་ཆད་ཆོད་ཡད་ཡུད་དུ་སྐྱོང་བ་ཡིན་པས་ན། ཆོས་སྐུ་གཅིག་པོའི་ཡོ་ལངས་བསྐྱང༌། དེ་ལྟ་བུའི་ཉམས་ལེན་ཞི་ལྷག་དབྱེར་མེད་སྤྲོས་བྲལ་གཉུག་མའི་རྣལ་འབྱོར་མ་བཅོས་ལྷན་ཅིག་སྐྱེས་པ་ཆོས་ཉིད་ཀྱི་རང་ངོ་སྐྱོང་བ་དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ། དབང་བཞི་པའི་དོན་གྱི་ཡེ་ཤེས་སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཁྱད་ཆོས། རྒྱ་བོད་གསར་རྙིང་གི་གྲུབ་བརྙེས་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱི་དགོངས་པ་རྨ་མེད་པ་ཡིན་པས། ཡིད་ཆོས་ཀྱི་བློ་ཐག་བཅད་ལ། མན་ངག་གཞན་ལ་འགྲམ་ཆུ་མི་ལྡང་པར་མ་བྱས་ན། གླང་པོ་ཁྱིམ་དུ་བཞག་ནས་གླང་རྫིས་ནགས་སུ་ཚོལ་བ་ལྟར་བློས་བྱས་བཅོས་མའི་གཟེབ་ཏུ་ཆུད་ནས་གྲོལ་བའི་དུས་མེད་པས་རང་གི་ཉམས་ལེན་ལ་བློ་ཐག་ཆོད་དགོས་པས་ན། དེ་ལས་གཞན་མེད་ཁོ་ཐག་བཅད། དེ་ལྟར་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་རྗེན་པ་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་བློ་ཐག་བཅད་ནས་དེའི་རྒྱུན་སྐྱོང་བ་ནི་གནད་ཀྱི་གསང་ཚིག་གཉིས་པ་ཡིན་པས་གལ་ཆེ་བས་ན། ཐག་གཅིག་ཐོག་ཏུ་བཅད་པ་སྟེ་གནད་གཉིས་པའོ། །

ད་ནི་དེ་དག་གི་ཚེ་གྲོལ་ལུགས་ཀྱི་གདེང་མེད་ན་སེམས་གནས་ངལ་གསོའི་སྒོམ་ཙམ་ཁམས་གོང་མའི་གོལ་ས་ལས་མི་འདའ་ཞིང༌། དེས་ཆགས་སྡང་གི་རྐྱེན་མི་ཐུབ། འདུ་བྱེད་ཀྱི་ལས་རྒྱུན་མི་ཆོད། ཐག་ཆོད་ཀྱི་བློ་གདེང་མི་ཐོབ་པས་དེ་གལ་ཆེ་ལ། དེའང་འདོད་པའི་ཡུལ་ལ་ཆགས་པ་དྲག་པོ་སྐྱེས་པའམ། མི་འདོད་པའི་ཡུལ་ལ་ཞེ་སྡང་དྲག་པོ་སྐྱེས་པའམ། མཐུན་རྐྱེན་དང་ལོངས་སྤྱོད་སོགས་འབྱོར་བས་དགའ་བ། མི་མཐུན་པའི་རྐྱེན་ངན་དང་ན་ཚ་སོགས་སྡུག་བསྔལ་གྱི་ཚོར་བ་གང་བྱུང་ཡང༌། དེའི་ཚེ་རིག་པའི་རྩལ་ལྷོང་བ་ཡིན་པས་གྲོལ་གཞིའི་ཡེ་ཤེས་ངོས་འཛིན་པ་གལ་ཆེ་བས། དེ་ཚེ་ཆགས་སྡང་དགའ་སྡུག་དང༌། གཞན་ཡང་ཉམས་ལེན་ཤར་གྲོལ་གྱི་གནད་མེད་ན། སེམས་བྱུང་འོག་འགྱུའི་རྣམ་རྟོག་ཅི་སྐྱེས་ཐམས་ཅད་ཀྱིས་འཁོར་བའི་ལས་གསོག་པ་ཡིན་པས་ཕྲ་རགས་ཀྱི་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་རྗེ་མེད་དུ་སྐྱོང་བ་གནད་ཡིན་པས་ན། གློ་བུར་རྣམ་རྟོག་མ་ལུས་པ། དེས་ན་རྣམ་རྟོག་གང་སྐྱེས་པ་ཐམས་ཅད་འོག་འགྱུ་འཁྲུལ་འབྱམས་སུ་མ་སོང་བར་བློས་བྱས་འཇུར་དྲན་མ་ཡིན་པར་རང་བབས་གཉུག་མའི་དྲན་པ་དང་མ་བྲལ་བའི་ངང་ནས་རྣམ་རྟོག་ཅི་ཤར་རང་ངོ་ཤེས་པར་བྱས་ལ། ཤར་གྲོལ་རྗེས་མཐུད་མེད་པའི་ངང་ནས་ཆུ་ལ་རི་མོ་བྲིས་པ་ལྟར་སྐྱོང་དགོས་པས་ན། ངོ་ཤེས་ངང་ལ་རྗེས་མཐུད་མེད། དེའི་ཚེ་རྣམ་རྟོག་རང་གྲོལ་དུ་མ་དག་ན་རྣམ་རྟོག་ངོ་ཤེས་པ་ཙམ་གྱིས་འཁྲུལ་པའི་ལས་རྒྱུན་མི་ཆོད་པས། ངོ་ཤེས་པ་དང་མཉམ་དུ་རག་ངོ་གཅེར་གྱིས་མཐོང་བས་སྔར་འདྲིས་ཀྱི་ཡེ་ཤེས་དེ་ཉིད་ངོས་བཟུང་ནས་ངང་ལ་བཞག་པས་རྣམ་རྟོག་རྗེས་མེད་དུ་དག་པ་ཉིད་གནད་དུ་ཆེ་བས། གྲོལ་ཆའི་ཆོས་སྐུ་ངོས་བཟུང་བས། དཔེར་ན་ཆུ་ལ་རི་མོ་ད་ལྟར་བྲིས་པ་ད་ལྟར་ཞིག་ནས། འབྲི་བ་དང་ཡལ་བ་དུས་མཉམ་པ་ལྟར། རྣམ་རྟོག་སྐྱེས་པ་དང་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་ཡིན་པས། དཔེར་ན་ཆུ་ལ་རི་མོ་བཞིན། དེས་ན་ཤར་བ་མི་དགག་པར་ཇི་ཤར་ཤར་དུ་བཅུག་ལ་གང་ཤར་གཉུག་མའི་ངང་དུ་དག་པའི་ལམ་ཁྱེར་ཉིད་ཉམས་ལེན་གྱི་གནད་དུ་འཛིན་དགོས་པས་ན། རང་ཤར་རང་གྲོལ་རྒྱུན་ཆད་མེད། དེ་ལྟར་རྣམ་རྟོག་ལ་ཆོས་སྐུའི་རྩལ་སྦྱོང་བས་རྟོག་པ་གང་ཤར་རིག་པའི་རྩལ་སྦྱོང་དུ་འཆར་ཞིང༌། དུག་ལྔའི་རྣམ་རྟོག་ཅི་ཙམ་རགས་པར་སྐྱེས་ཀྱང་དེ་ཙམ་གྲོལ་བའི་རིག་པ་གསལ་ངར་དང་ལྡན་པས་ན། ཅི་ཤར་རིག་སྟོང་རྗེན་པའི་ཟས། རྣམ་རྟོག་གང་འགྱུས་ཚད་ཐམས་ཅད་རིག་ངོ་ཟང་ཐལ་གྱི་ངང་ལས་རང་རྩལ་དུ་འཆར་བའི་ཚེ་བླང་དོར་མེད་པར་བསྐྱངས་པས་ཤར་དུས་ནས་གྲོལ་བར་སྐྱེས་པས་ཆོས་སྐུའི་ཡོ་ལངས་ལས་མ་འདས་པས། ཇི་འགྱུར་ཆོས་སྐུ་རྒྱལ་པོའི་རྩལ། སེམས་རྟོག་མ་རིག་འཁྲུལ་གཟུགས་རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་དུ་དག་པས་འོད་གསལ་རྒྱུན་ཆད་མེད་པའི་ཀློང་དུ་རྣམ་རྟོག་འགྱུ་བ་གང་སྐྱེས་རང་ངོ་སྟོང་པས་ན། རྗེས་མེད་རང་དག་ཨ་ལ་ལ། དེ་ལྟ་བུའི་ལམ་ཁྱེར་ལ་རྒྱུན་རིང་བར་གོམས་པའི་ཚེ་རྣམ་རྟོག་སྒོམ་དུ་ཤར་གནས་འགྱུའི་བར་ལག་འགྱེལ་ཤར་བས་གནས་པ་ལ་མི་གནོད་པས་འཆར་ལུགས་སྔར་དང་འདྲ་བ་ལས། དེའི་ཚེ་རྩལ་གྱི་རྣམ་རྟོག་དགའ་སྡུག་དང་རེ་དོགས་སུ་འཆར་ཚུལ་ཐ་མལ་པའི་སྐྱེ་བོ་གཞན་དང་འདྲ་ཡང༌ཐ་མལ་པ་ལ་དགག་སྒྲུབ་ཨ་འཐས་སུ་ཤར་ནས་འདུ་བྱེད་ཀྱི་ལས་གསོག་ཅིང་ཆགས་སྡང་གི་གཞན་དབང་དུ་འགྱུར་བ་ལྟ་བུ་མ་ཡིན་པར་རྣལ་འབྱོར་པ་ལ་ཤར་དུས་ནས་གྲོལ་བར་སྐྱེས་པས་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ་ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ་སོགས་གྲོལ་ལུགས་ཀྱི་གནད་དང་ལྡན་པས་ན། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། དེས་ན་ཇི་སྐད་དུ། སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། བསམ་གཏན་ལྷ་དང་ཅི་མི་འདྲ། ཞེས་པ་ལྟར། གྲོལ་ལུགས་ཀྱི་གནད་འདི་ལྟ་བུ་དང་མི་ལྡན་པའི་སྒོམ་སེམས་གནས་ཀྱི་བསམ་གཏན་ཙམ་ལ་གདེང་འཆའ་བ་དག་ཁམས་གོང་མའི་བསམ་གཏན་དུ་གོལ་ལ། གནས་འགྱུ་ངོ་ཤེས་པས་ཆོག་པར་འདོད་པ་རྣམས་ནི་འཁྲུལ་རྟོག་ཐ་མལ་པ་དང་ཁྱད་མེད། སྟོང་ཉིད་དང་ཆོས་སྐུ་ལ་སོགས་བློས་བྱས་ཀྱི་རྒྱས་འདེབས་པ་དག་ཀྱང་རྐྱེན་ངན་དང་འཕྲད་ཚེ་གཉེན་པོའི་རང་མཚང་སྟོན་པས་རང་ཚུགས་མི་ཐུབ་པས་ན། འདི་མེད་སྒོམ་པ་འཁྲུལ་པའི་ལམ། ཤར་གྲོལ་རང་གྲོལ་ཅེར་གྲོལ་ལ་སོགས་མིང་ཇི་ལྟར་བཏགས་ཀྱང༌། རྣམ་རྟོག་རང་གྲོལ་རྗེས་མེད་དུ་དག་པའི་གྲོལ་ཚུལ་འདི་རང་གྲོལ་མངོན་སུམ་དུ་སྟོན་པའི་གནད་དུ་གཅིག་པ་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཐུན་མོངས་མ་ཡིན་པ་ཡིན་པས་དེ་ལྟ་བུའི་གནད་དང་ལྡན་ན། ཉོན་མོངས་དང་རྣམ་རྟོག་གང་སྐྱེས་ཆོས་སྐུར་ལྷོངས་ནས་འཁྲུལ་རྟོག་ཡེ་ཤེས་སུ་དག རྐྱེན་ངན་གྲོགས་སུ་འཆར། ཉོན་མོངས་ལམ་དུ་བྱེད་འཁོར་བ་མ་སྤངས་པར་གནས་སུ་དག་གནས། སྲིད་ཞིའི་འཆིང་བ་ལས་གྲོལ་ཏེ། བྱར་མེད་རྩོལ་སྒྲུབ་དང་བྲལ་བའི་ངང་དུ་ལ་བཟླ་བས་ན། འདི་ལྡན་མ་སྒོམ་ཆོས་སྐུའི་ངང༌། དེ་ལྟ་བུའི་གྲོལ་ལུགས་ཀྱི་གདེང་འདི་མེད་ན། ལྟ་བ་མཐོ་མཐོ་དང༌། སྒོམ་པ་ཟབ་ཟབ་ཇི་ལྟ་བུ་རྒྱུད་ན་ཡོད་པར་རློམས་ཀྱང༌། སེམས་ལ་མི་ཕན། ཉོན་མོངས་པའི་གཉེན་པོར་མི་འགྲོ་བས་ཡང་དག་པའི་ལམ་མ་ཡིན་ལ། རང་ཤར་རང་གྲོལ་གྱི་གནད་འདི་དང་ལྡན་ན་ལྟ་བ་མཐོ་མཐོའི་འཛིན་སྟངས་དང༌། སྒོམ་པ་ཟབ་ཟབ་ཀྱི་གཏད་སོ་རྡུལ་ཕྲ་རབ་ཙམ་ཡང་མེད་ཀྱང༌། རང་རྒྱུད་གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བར་མི་འགྱུར་མི་སྲིད་ཅིང༌། གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་པ་བཙོལ་ཀྱང་མི་རྙེད་པ་ལྟར་གནས་འགྱུ་དང༌། རྣམ་རྟོག་གང་སྐྱེས་སྒོམ་དུ་ཤར་ནས། འཁྲུལ་པ་རང་མཚན་པ་བཙལ་ཀྱང་མི་རྙེད་པར་འགྱུར་བས་ན། འདི་ཁོ་ན་ཉམས་ལེན་གནད་དུ་འགྲོ་མི་འགྲོའི་ཤན་འབྱེད་པའི་གནམ་ཐིག་ལྟ་བུ་ཡིན་པས། །གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ་གནད་གསུམ་པའོ། །

དེ་ལྟ་བུའི་གནད་གསུམ་པོ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་གཞི་ཀ་རིག་པ་ཟང་ཐལ་གྱི་ངང་དུ་ཆིག་ཆོད་དུ་ཁྱེར་བའི་གནད་མ་ནོར་བ་དེ་ཡིན་པས་སྒོམ་པ་དང་སྤྱོད་པའི་མན་ངག་ཀྱང་ཡིན་མོད། འོན་ཀྱང་གཞུང་ལུགས་པ་སྤྱིའི་ཆོས་སྐད་ལྟར་ན་ཤེས་བྱའི་བློ་ཡུལ་ལ་ལུང་རིགས་གཏན་ཚིགས་ཀྱིས་གཞལ་ནས་གཏན་ལ་འབེབས་པ་ལྟར་མི་འདོད་པས་མངོན་སུམ་རྗེན་པའི་ཡེ་ཤེས་དེ་ཉིད་ནམ་རྟོགས་ཀྱང་རིག་པ་ཡེ་ཤེས་ཀྱི་ལྟ་བ་ཡིན་ལ། ལྟ་སྒོམ་དུ་མ་རོ་གཅིག་ཡིན་པས་གནད་གསུམ་ཀ་ལྟ་བའི་ཉམས་ལེན་དུ་བཤད་ཀྱང་མི་འགལ་བས། གནད་གསུམ་ལྡན་པའི་ལྟ་བ་ལ། དེ་ལྟ་བུའི་ཉམས་ལེན་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ཀ་དག་གི་ལམ་གནད་མ་ནོར་བ་ཐེག་པ་རིམ་དགུའི་རྩེ་མོར་གྱུར་བ་དེ་ཉིད་ཡིན་པས། རྒྱལ་པོ་འབྱོན་པ་ན་འཁོར་དཔུང་མེད་པ་མི་སྲིད་པ་བཞིན་དུ། ཐེག་པ་ཐམས་ཅད་ཀྱི་ལམ་གནད་འདིའི་ལམ་སྟེགས་སམ་གྲོགས་སུ་འགྲོ་བ་དང༌། དེར་མ་ཟད་ཀ་དག་རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མེའི་རང་ཞལ་མཇལ་བའི་ཚེ། །དེའི་རྩལ་སྒོམ་བྱུང་གི་ཤེས་རབ་ཏུ་འབར་ནས་མཁྱེན་པའི་ཀློང་དབྱར་གྱི་ཆུ་བོ་རྡོལ་བ་ལྟར་དང༌། སྟོང་ཉིད་ཀྱི་གཤིས་སྙིང་རྗེ་ཆེན་པོར་ཤར་ནས་བརྩེ་བའི་ཐུགས་རྗེ་རིས་མེད་པར་འཇུག་པ་ནི་ཆོས་ཉིད་ཡིན་པས་ན། མཁྱེན་བརྩེ་འབྲེལ་བའི་སྒོམ་པ་དང༌། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་གནད་མངོན་དུ་གྱུར་པའི་ཚེ་ལམ་ཕ་རོལ་ཕྱིན་དྲུག་གིས་བསྡུས་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཉི་མ་དང་འོད་ཟེར་ལྟར་རང་རྩལ་དུ་འཆར་ལ། དེ་ལྟ་བུའི་སྤྱོད་པ་བསོད་ནམས་ཀྱི་ཚོགས་དང་འབྲེལ་བས་ཅི་བྱེད་གཞན་དོན་དུ་འགྱུར་ཞིང་ཡང་དག་པའི་ལྟ་བ་ཞི་བདེར་མི་གོལ་བའི་གྲོགས་སུ་འགྱུར་བས་ན། རྒྱལ་སྲས་སྤྱི་ཡི་སྤྱོད་པ་གྲོགས། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་འདི་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ་ཡིན་པས། དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང༌། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གནད་འབྲས་བུའི་ཐུས་ཀ་འདི་ལས་ལྷག་པ་མེད་པས། འདི་ལས་ལྷག་པའི་གདམས་ངག་མེད། གདམས་ངག་འདིའི་བརྗོད་བྱའི་དོན་ནི་བརྒྱུད་པའི་མན་ངག་གི་སྙིང་ཁུར་ངེས་ཀྱང༌། རྗོད་བྱེད་ཀྱི་ཚིག་ཉུང་ངུ་འདི་ཙམ་གྱི་སྡེབ་སྦྱོར་ཡང་རིག་པའི་རྩལ་ལས་འཆར་དགོས་པས་ན། རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས། དེ་དག་གི་དོན་རྣམས་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་མྱོང་བ་ཙམ་མེད་ཀྱང༌། བླ་མ་དམ་པའི་ཞལ་ལུང་ནོར་བ་མེད་པ་ལས། ཐོས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ལེགས་པར་བཅད་དེ། བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་བཀོད་པ་ཡིན་པས་ན། ཤེས་རབ་ཀློང་ནས་གཏེར་དུ་བླངས། འཇིག་རྟེན་གྱི་གཏེར་ཕལ་པས་འཕྲལ་གྱི་དབུལ་བ་སེལ་བ་ཙམ་དང་མི་འདྲ་བས། ས་རྡོའི་བཅུད་དང་འདི་མི་འདྲ། ལྟ་བའི་གནད་གསུམ་པོ་འདི་ཚིག་གསུམ་གནད་དུ་བརྡེག་པ་ཞེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་མྱ་ངན་ལས་འདས་པའི་ཚེ་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་གནང་སྟེ་དགོངས་པ་དབྱེར་མེད་དུ་གྱུར་པའི་མན་ངག་ཡིན་པས་ན། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཡིན། དེ་ལྟ་བུའི་གདམས་ངག་གི་དོན་གནད་དུ་འབྱོར་བས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྐུ་ཚེ་དེ་ཉིད་ལ་ཀ་དག་ཆོས་ཟད་ཀྱི་དགོངས་པ་མངོན་དུ་གྱུར་ནས། མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་རིག་འཛིན་འཇིགས་མེད་གླིང་པ་ལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བསྟན་ནས་རིག་འཛིན་བརྡ་བརྒྱུད་ཀྱི་ཚུལ་དུ་བྱིན་གྱིས་བརླབས། དེས་ཁོ་བོ་ཅག་གི་དྲིན་ཆེན་རྩ་བའི་བླ་མ་ལ་ཞལ་ནས་སྙན་དུ་བརྒྱུད་དེ་གདམས་ངག་གི་ངོ་སྤྲོད་བཏབ་ནས་ཆོས་ཉིད་མངོན་སུམ་དུ་མཇལ་ཏེ། འགྲོ་བའི་དཔལ་མགོན་དུ་བཞུགས་པ་ལས་ཐོས་པའི་གདམས་ངག་ཡིན་པས་ན། བརྒྱུད་པ་གསུམ་གྱི་ཐུགས་བཅུད་ཡིན། འདི་ལྟ་བུའི་མན་ངག་གསེར་གྱི་ཡང་ཞུན། སྙིང་གི་ཐིག་ལེ་ལྟ་བུ་འདི་ཉམས་སུ་མི་ལེན་པའི་གང་ཟག་ལ་བསྟན་དུ་ཕངས་ཤིང༌། གདམས་ངག་སྲོག་ལྟར་བཙའ་ཞིང༌། གནད་དོན་ཉམས་སུ་བླངས་ནས་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་གང་ཟག་ལ་མི་བསྟན་དུ་ཕངས་པས་ན། སྙིང་གི་བ་ལ་གཏད་དོ་རྒྱ། །ཟབ་དོན་ཡིན་ནོ་སྙིང་གི་གཏམ། །སྙིང་གཏམ་ཡིན་ནོ་དོན་གྱི་གནད། །དོན་གནད་ཡལ་བར་མ་དོར་ཅིག །གདམས་ངག་ཟགས་སུ་མ་འཇུག་ཅིག །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཅུང་ཟད་བཀྲལ་བ་རེ་ཞིག་རྫོགས་སོ། །དགེའོ། །དགེའོ། །དགེའོ།། །།

• Download this text: EPUB MOBI PDF