Commentary on Calling the Guru from Afar—Tibetan

Practices › Calling the Guru from Afar | Schools & Systems › Dzogchen | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ། | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

བདུད་འཇོམས་རིན་པོ་ཆེ།

Further information:
Download this text:

༄༅། །རྒྱང་འབོད་ཀྱི་གསོལ་འདེབས་གཉུག་མའི་ཐོལ་གླུའི་འགྲེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། གང་ཐུགས་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན་མཛད་པ། །བཀའ་གཏེར་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ། །ཨོ་རྒྱན་འགྲོ་འདུལ་གླིང་པ་གཙུག་གིས་མཆོད། །རྒྱུད་སྡེ་ཀུན་གྱི་ཡང་བཅུད་རྫོགས་པ་ཆེ། །ས་གནས་སྐྱེ་བོའི་ཡུལ་དུ་མ་གྱུར་ན། །བློ་དམན་བདག་འདྲའི་བརྗོད་པ་མི་འོས་མོད། །བསྟན་འགྲོར་དམིགས་པས་མཆོད་ན་ཅིས་མི་འོས། །དེ་ཡང་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས༔ མ་འོངས་བོད་ཡུལ་གངས་རིའི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔ ཞེས་ལུང་གིས་སྔགས་པ་ལྟར་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དངོས་ཀྱི་ཞལ་སྐྱིན། འབྲོག་བན་ཁྱིའུ་ཆུང་ལོ་ཙའི་རྣམ་རོལ་མཁས་དང་གྲུབ་པའི་རྣམ་ཐར་ཕུལ་དུ་བྱུང་བའི་ངོ་མཚར་སྲིད་པ་གསུམ་ན་མངོན་པར་འཕགས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་རྒྱང་འབོད་ཀྱི་གསོལ་འདེབས་གཉུག་མའི་ཐོལ་གླུ་ཞེས་བྱ་བ་ནི་བཤད་པར་བྱ་བའི་ཆོས་སོ། །དེ་ཡང་། མཚན་སྨྲོས་པ་དང་། མཚན་དེ་ལྡན་གྱི་གཞུང་བཤད་པ། ཡོངས་སུ་རྫོགས་པའི་མཇུག་བྱང་བཤད་པ་གསུམ་ལས། དང་པོ། རྗེ་བཙུན་བླ་མའི་ཐུགས་རྒྱུད་རྒྱ༵ང་ནས་འབོ༵ད་བྱེད་དམ་བསྐུལ་བྱེད་ཀྱི་གསོ༵ལ་འདེབ༵ས་མ་བཅོས་གཉུ༵ག་མ༵འི་རང་མདངས་གློ་བུར་ཐོལ༵་བྱུང་གི་ཚུལ་དུ་གྱེར་བའི་མགུར་གླུ༵་ཞེས༵་བྱ༵་བ༵་བཞུགས་སོ། །གཉིས་པ་མཚན་དེ་ལྡན་གྱི་གཞུང་བཤད་པ་ལ། རང་རིག་དོན་གྱི་བླ་མ་སྐུ་གསུམ་དུ་ཤར་བ་དང་། རྫོགས་པ་ཆེན་པོ་རིག་སྟོང་རྗེན་པའི་ལམ་ཉམས་སུ་ལེན་ཚུལ་བཤད་པ་གཉིས་ལས། །དང་པོ་རང་རིག་དོན་གྱི་བླ་མ་སྐུ་གསུམ་དུ་ཤར་བ་ལ། ཀ་དག་ཟང་ཐལ་བླ་མ་ཆོས་སྐུ་རུ་ཤར་བ་ལ་གསོལ་བ་འདེབས་པ། རང་བཞིན་འོད་གསལ་བླ་མ་ལོངས་སྐུ་རུ་ཤར་བ་ལ་གསོལ་བ་འདེབས་པ། ཐུགས་རྗེ་རང་རྩལ་བླ་མ་སྤྲུལ་པའི་སྐུ་རུ་ཤར་བ་ལ་གསོལ་བ་འདེབས་པ་དང་གསུམ་ལས། དང་པོ། ངོ་བོ་གདོད་ནས་མི་འགྱུར་སྤྲོས་བྲལ་གྱི་གཤིས་ལུགས། །ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་རུ་བཞུགས་པ། །ཆོས་སྐུའི་བླ་མ་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །ལྟ་བའི་གདེང་ཆེན་ཐོབ་པར་བྱིན་གྱིས་རང་རློབས་ཤིག །ཅེས་གསུངས་ཏེ། །སྲིད་ཞི་ཀུན་ཁྱབ་ཀྱི་གནས་ལུགས་སམ་ངོ༵་བོ༵་ནི་རང་བཞིན་གདོད༵་ནས༵་རྣམ་པར་དག་ཅིང་རྒྱུ་དང་རྐྱེན་གྱིས་མ་སྐྱེད་པས་མི༵་འགྱུ༵ར་བས་འདུས་མ་བྱས་ཆེན་པོ། རྣམ་རྟོག་གི་སྤྲོས༵་པའི་མཐའ་ཀུན་དང་བྲལ༵་བའི་རང་བཞིན་གྱི༵་གཤིས༵་ལུགས༵་ཀ༵་དག༵་ཡེ་ཤེས་ཀྱི་རང་འོད་གཏི༵ང་གས༵ལ་ལམ་ནང་གསལ་གཞོ༵ན་ནུ༵་བུམ༵་པའི་སྐུ༵་རུ༵་ཞལ་ཕྱག་མཚན་མའི་སྤྲོས་པ་ཀུན་ལས་རྣམ་པར་བྲལ་བའི་ཚུལ་དུ་བཞུག༵ས་པ༵་ནི། མཐར་ཐུག་ཆོ༵ས་སྐུ༵འི་བླ༵་མ༵་རང་བྱུང་གི་ཡེ༵་ཤེ༵ས་མི་ཕྱེད་རྡོ༵་རྗེ༵་ཡི་ངོ་བོར་བཞུགས་པ་དེ༵་ཉིད་ཀྱིས་ཐུགས་ཟག་པ་མེད་པའི་ཀློང་ནས་མཁྱེ༵ན་ནོ༵། །གནས་ལུགས་ཆོས་སྐུའི་ལྟ༵་བ༵་ཡེ་བཏང་ཆེན་པོའི་གདེ༵ང་ཆེ༵ན་ཏེ། རང་ཤར་ལས། བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །ཞེས་གསུངས་པ་ལྟར། མཚོན་བྱ་དོན་གྱི་དགོངས་བརྒྱུད་བདག་རྒྱུད་ལ་ཐོ༵བ་པ༵ར་བྱི༵ན་གྱི༵ས་ར༵ང་རློབ༵ས་ཤི༵ག །གཉིས་པ་རང་བཞིན་འོད་གསལ་བླ་མ་ལོངས་སྐུ་རུ་ཤར་བ་ལ་གསོལ་འདེབས་པ་ནི། རང་བཞིན་མ་འགག་ཟུང་འཇུག་འོད་གསལ་གྱི་ཚོམ་བུ། །ལྷུན་གྲུབ་ངེས་པ་ལྔ་ལྡན་རོལ་པ་རུ་བཞུགས་པ། །ལོངས་སྐུའི་བླ་མ་བདེ་ཆེན་རྡོ་རྗེ་དེ་མཁྱེན་ནོ། །སྒོམ་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རང་རློབས་ཤིག །ཅེས་གསུངས་ཏེ། །རང༵་བཞི༵ན་ཆོས་སྐུའི་རང་མདངས་མ༵་འག༵ག་བཞིན་དུ་རིག་སྟོང་དབྱེར་མེད་ཟུ༵ང་འཇུ༵ག་དོན་གྱི་འོད༵་གས༵ལ་གྱི༵་ཚོ༵མ་བུ༵་འམ་དཀྱིལ་འཁོར་མ་བྱས་ལྷུན༵་གྱིས་གྲུབ༵་པ། གནས་ངེས་པ་རང་སྣང་དོན་གྱི་འོག་མིན་པདྨ་འོད་ཀྱི་ཕོ་བྲང་། དུས་ངེས་པ་དུས་གསུམ་དུས་མེད་ཀ་དག་མཉམ་པ་ཉིད་ཀྱི་ཀློང་དུ། སྟོན་པ་ངེས་པ་རང་བྱུང་རིག་པའི་རྒྱལ་པོ་པདྨ་འབྱུང་གནས། འཁོར་ངེས་པ་ཉིད་ལས་མི་གཞན་པ་རིག་འཛིན་དཔའ་བོ་དཔའ་མོ། ཆོས་ངེས་པ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་སྟེ་ངེས༵་པ༵་ལྔ༵་ལྡན༵་གྱི་རོ༵ལ་པ༵་རུ༵་བཞུ༵གས་པ༵། འོད་གསལ་ལོང༵ས་སྐུ༵འི་བླ༵་མ༵་བདེ༵་ཆེན༵་རྡོ༵་རྗེ༵་དེ༵་མཁྱེ༵ན་ནོ༵། །སྒོམ༵་དུ་མེད་པ་སྟེ། དེ་ཉིད་ལས། ལྷང་ངེ་ལྷན་ནེ་ཡེང་བ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །ཞེས་གསུངས་པ་ལྟར། །མ་བསྒོམ་ངང་བཞག་གི་སྒོམ་པ༵འི་རྩལ༵་ཆེན༵་པོ་རྫོགས་ཏེ་ཚེ་འདིར་རིག་འཛིན་བརྡ་བརྒྱུད་ཀྱི་གསལ་སྟོང་དོན་གྱི་འོད་གསལ་གྱི་དགོངས་པ་བདག་རྒྱུད་ལ་ཡོངས་སུ་རྫོག༵ས་པར༵་བྱིན༵་གྱིས༵་རང༵་རློབ༵ས་ཤིག༵ །གསུམ་པ་ཐུགས་རྗེ་རང་རྩལ་བླ་མ་སྤྲལ་སྐུ་རུ་ཤར་བ་ལ་གསོལ་བ་འདེབས་པ་ན། ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་མཐའ་གྲོལ་གྱི་ཡེ་ཤེས། །ཀུན་ཁྱབ་རིག་སྟོང་རྗེན་པའི་ངོ་བོ་རུ་བཞུགས་པ། །སྤྲལ་སྐུའི་བླ་མ་འགྲོ་འདུལ་གླིང་པ་དེ་མཁྱེན་ནོ། །སྤྱོད་པའི་བོགས་ཆེན་འབྱོང་པར་བྱིན་གྱིས་རང་རློབས་ཤིག །ཅེས་གསུངས་ཏེ། ཀ་དག་ཆོས་སྐུའི་རང་རྩལ་ལམ་ཐུག༵ས་རྗེ༵་ཁྱབ་གདལ་ནམ་མཁའི་འཁོར་ཡུག་གི་ཀློང་ཆེན་པོ་ཕྱོག༵ས་གང་དུའང་མ་ལྷུ༵ང་རྒྱ་གང་དུའང་མ་ཆད་པ་སྤྲོས་པ་དང་བྲལ༵་བ༵་མཐ༵འ་བཞིའི་དམིགས་གཏད་ལས་གྲོ༵ལ་བའི་དོན་གྱི༵་ཡེ༵་ཤེས༵་ནི། གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡིས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཉིད་ཀྱི་མི་གཟིགས་པ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་པ་ལྟར། ཀུན༵་ཁྱབ༵་རིག༵་སྟོང༵་རྗེན༵་པའི༵་ངོ༵་བོ༵་རུ༵་བཞུག༵ས་པ༵་ནི་ཐུགས་རྗེ་སྤྲུལ༵་བའི་སྐུ༵་ཡི་བླ༵་མ༵་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདུད་འཇོམས་འགྲོ༵་འདུལ༵་གླིང༵་པ༵་དེ་ཡིས་ཐུགས་རྗེ་བརྩེ་བ་ཆེན་པོས་མཁྱེ༵ན་ནོ༵། །སྤྱོད་པ་ཆགས་ཞེན་བླང་དོར་དང་བྲལ་བ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད༵་པའི༵་བོག༵ས་ཆེན༵་ནམ་སྐྱེད་ཆེན་པོ་སྟེ། རང་ཤར་ལས། འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ཞེས་གསུངས་པ་ལྟར། གང་ཟག་སྙན་དུ་བརྒྱུད་པའི་རིག་སྟོང་དབྱེར་མེད་ཆོས་སྐུའི་དགོངས་པ་བདག་རྒྱུད་ལ་འཕོས་ཏེ་བྱར་མེད་སྤྱོད་པའི་བོགས་ཆེན་འབྱོང༵ས་པར༵་བྱིན༵་གྱིས༵་རང༵་རློབ༵ས་ཤིག༵ །གཉིས་པ་དངོས་གཞི་རྫོགས་པ་ཆེན་པོ་རིག་སྟོང་རྗེན་པའི་ལམ་ཉམས་སུ་ལེན་ཚུལ་ལ། ལྟ་བས་ངོ་སྤྲད་པ། སྒོམ་པས་རྩལ་སྦྱོང་བ། སྤྱོད་པས་ལ་དོར་བ། འབྲས་བུ་བརྟན་པ་ཐོབ་པ་དང་བཞི་རུ་བཞུགས་པ་ལས། དང་པོ་ལྟ་བས་ངོ་སྤྲོད་པ་ལ། ལྟ་བ་ཡེ་བཏང་ཆེན་པོ་ངོ་སྤྲོད་པ་དང་། དེའི་མཐུ་ལས་རྩོལ་བཅས་ཀྱི་ལམ་ལ་མི་ལྟོས་པ་གཉིས་ལས། དང་པོ། རང་རིག་གདོད་མའི་གཞི་ལ་འཕོ་འགྱུར་ནི་མི་འདུག །གང་ཤར་ཆོས་སྐུའི་རྩལ་ལ་བཟང་ངན་ནི་མི་གདའ། །ད་ལྟའི་ཤེས་པ་སངས་རྒྱས་མངོན་སུམ་དུ་འདུག་པས། །གུ་ཡངས་བློ་བདེའི་བླ་མ་སྙིང་དབུས་ནས་རྙེད་བྱུང་། །ཞེས་གསུངས་ཏེ། རང༵་གི་རིག༵་པ་གདོད༵་མའི༵་གཞི༵་སྒྲིབ་བྲལ་ནམ་མཁའ་ལྟ་བུ་ལ༵་རྟོགས་པས་སངས་རྒྱས་སུ་གྱུར། མ་རྟོགས་པས་འཁོར་བར་འཁྱམས་པ་ལ་སོགས་འཕོ༵་བ་དང་རྐྱེན་གཞན་གྱིས་འགྱུ༵ར་དུ་གཏུབས་པ་ནི༵་ནམ་ཡང་མི༵་འདུག༵་མཆིས་ཤིང་། གཞི་ལས་གཞི་སྣང་འཆར་བ་ན་མེ་ལོང་གི་ངོས་ལ་གཟུགས་བརྙན་འཆར་བ་ལྟ་བུ་འཁོར་འདས་ཀྱི་སྣང་བ་གང༵་ཤར༵་ཐམས་ཅད་ཆོས༵་སྐུའི༵་རང༵་རྩལ༵་ལམ་ནུས་པ་ཡིན་པས། དེ་ལ༵་བཟ༵ང་རྟོག་བླང་བྱ་ཞིག་དང་ངན༵་རྟོག་སྤང་བྱ་ཞིག་ནི༵་བཙལ་ཀྱང་མི༵་གདའ༵་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཡུལ་སྣང་རིག་ངོ་ལ་མི་འགག་ཀྱང་རིག་པ་ཡུལ་ཐོག་ཏུ་མི་འདྲེས་པས་གཟུང་འཛིན་འཁོར་བའི་རང་བཞིན་ཆུ་ལ་བྲིས་པའི་རི་མོ་བཞིན་དུ་སྤངས་གཉེན་རང་གྲོལ་དུ་སོང་བས་ས་ར་ཧ་འཛུམ་མུ་ལེ། ཡུལ་ཐོག་ཏུ་མ་ཤོར་བས་རིག་ངོ་ལ་ཆགས་ཞེན་དང་འགག་བསྒྲུབ་མི་མངོན་པས་འཁོར་འདས་རྒྱ་གྲོལ་གྱི་ངང་དུ་དམ་པ་རྒྱ་གར་བ་ཡུ་ཅ་རེ། ཞེས་གསུངས་པ་ལྟར་ན་ད༵་ལྟའི༵་ཤེས༵་པ༵་སོ་མ་འདི་ཉིད་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་བསླད་དུ་མི་གཏུབ་པ་སང༵ས་རྒྱས༵་མངོན༵་སུམ༵་དུ་བཞུགས་འདུག༵་པས༵། ཀུན་མཁྱེན་ཆེན་པོས། ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །ཅེས་གསུངས་པ་ལྟར་སྣང་བ་གུ༵་ཡང༵ས་བློ༵་བདེ༵འི་ངང་ནས་ཆོས་སྐུའི་བླ༵་མ༵་གཞན་ནས་བཙལ་མི་དགོས་པར་རང་གི་སྙིང༵་དབུས༵་ཏེ་རང་སེམས་མ་བཅོས་པའི་ཀློང་དུ་རང་བབས་སུ་བཞག་པ་ནས༵་རྙེད༵་བྱུང༵་སྟེ་ཐོབ་བོ། །གཉིས་པ་དེ་ཡི་མཐུ་ལས་རྩོལ་བཅས་ཀྱི་ལམ་ལ་མི་ལྟོས་པའི་ཁྱད་ཆོས་བཤད་པ། གཉུག་མའི་སེམས་འདི་བླ་མའི་རང་བཞིན་དུ་རྟོགས་ཚེ། །འཛིན་ཞེན་གསོལ་འདེབས་བཅོས་མའི་སྡུག་ཡུས་ནི་མི་དགོས། །ཞེས་གསུངས་ཏེ། གཟུང་འཛིན་མཚན་མས་མ་སླད་པའི་གཉུག༵་མའི༵་སེམ༵ས་ཀྱི་ཆོས་ཉིད་འདི༵་ཀོ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ༵་མའི༵་རང༵་བཞིན༵་དུ༵་རྟོག༵ས་ཚེ༵། གཟུང་འཛིན་སེམས་ཀྱི་བཅོས་པའི་བླ་མ་ཡུལ་རང་མཚན་པར་གཟུང་བ་དང་། གསོལ་བ་འདེབས་པ་པོ་ཡུལ་ཅན་གང་ཟག་བདེན་གྲུབ་ཏུ་གཟུང་བ་ལ་སོགས་པའི་འཛིན༵་ཞེན༵་གསོ༵ལ་འདེབ༵ས་བཅོ༵ས་མའི༵་སྡུག༵་ཡུས༵་ནི༵་ནམ་ཡང་མི༵་དགོས༵་སོ། །གཉིས་པ་སྒོམ་པས་རྩལ་སྦྱོང་པ་ལ། དམིགས་བསམ་སྤྲོ་འདུ་བྲལ་བའི་ངང་ལ་བཞག་པ་དང་། དམིགས་གཏད་མཚན་མ་དང་བཅས་པས་སངས་རྒྱས་མི་བསྒྲུབ་པར་བསྟན་པ་གཉིས་ལས། དང་པོ། མ་བཅོས་རིག་པ་རང་བབ་ཁ་ཡན་དུ་གློད་པས། །གཏད་མེད་གང་ཤར་རང་གྲོལ་བྱིན་རླབས་དེ་ཐོབ་བྱུང་། །ཞེས་གསུངས་ཏེ། ལྟ་བ་ཡེ་བཏང་ཆེན་པོ་ངོ་ཤེས་པ་ཙམ་གྱི་མི་ཆོག་པས་སྒོམ་པ་དེའི་རྩལ་རྫོགས་དགོས་པས་ན། ད་ལྟའི་མ༵་བཅོས༵་པའི་ཤེས་པ་གསལ་རི༵ག་གོ་མ་འགག་པ༵་ཉིད་རང༵་བབ༵་དམིགས་གཏད་སྤྲོས་པ་དང་བྲལ་བའི་ངང་དུ་སེམས་འགྱུ་འཕྲོ་རྟོག་པ་སྣ་ཚོགས་ཀུན་ཆེད་དུ་མི་སྤང་མི་བསྡོམ་པར་ཁ༵་ཡན༵་དུ༵་ཀློད༵་པ༵་སྟེ། ཐེག་ཆེན་ཚུལ་འཇུག་ལས། སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར། །རྣམ་པར་རྟོག་པའི་མཚན་མ་ཅི་ཤར་ཡང་། །མ་བཀག་རང་བྱུང་མ་འབྲང་རང་ཞི་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་གསལ། །ཞེས་གསུངས་པ་ལྟར། རིག་པ་ཡུལ་མེད་ཟང་ཐལ་ལ་གཏད༵་སོ་མེད༵་པས་ཚོགས་དྲུག་གི་རྟོག་པ་བཟང་ངན་གང༵་ལྟར་ཤར༵་ཡང་ཆོས་དབྱིངས་ཁྱབ་གདལ་ནམ་མཁའི་རང་བཞིན་གྱི་ངང་དུ་ཡེ་གྲོལ་ཅེར་གྲོལ་ཡོངས་གྲོལ་རང༵་གྲོལ༵་ཏེ་གྲོལ་ལུགས་ཆེན་པོ་བཞིའི་བྱིན༵་རླབ༵ས་དེ༵་ནི་སྐལ་ལྡན་གྱི་བུ་ལ་ཐོབ༵་བྱུང༵་། གཉིས་པ་དམིགས་གཏད་མཚན་མ་དང་བཅས་པས་སངས་རྒྱས་མི་སྒྲུབ་པར་བསྟན་པ། བྱས་པས་ཆོས་ཀྱིས་སངས་རྒྱས་འགྲུབ་དུས་ནི་མི་གདའ། །ཡིད་དཔྱོད་བློས་བྱས་སྒོམ་འདི་བསླུ་བྱེད་ཀྱི་དགྲ་རེད། །ཅེས་གསུངས་ཏེ། ཐེག་པ་ཐུན་མོང་པ་ལྟར་ན་ཐེག་ཆེན་ལམ་ཞུགས་དབང་པོ་ཐ་མས་བསྐལ་པ་གྲངས་མེད་སོ་བདུན་དུ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟར་བསགས་དགོས་ཤིང་། དེ་བཞིན་དབང་པོ་འབྲིང་གིས་གྲངས་མེད་བདུན། དབང་པོ་རབ་ཀྱིས་གྲངས་མེད་གསུམ་དུ་ཚོགས་མ་བསགས་པས་སངས་རྒྱས་ཐོབ་པའི་སྐབས་མི་རྙེད་ཅིང་། ཐེག་པ་ཐུན་མིན་སྔགས་ཀྱི་ལམ་ལྟར་ན་ཡང་མི་ཚེ་བཅུ་དྲུག །མི་ཚེ་བདུན། མི་ཚེ་གསུམ་སོགས་སུ་སྒོ་གསུམ་དཀའ་སྤྱད་ལ་འབད་དགོས་པས། དེ་ལྟ་བུའི་རྩོལ་བ་བྱས༵་པས༵་ཀྱང་ཐུན་མོང་གི་ཆོས༵་ཀྱི༵་ཐུན་མིན་རྫོགས་པ་ཆེན་པོའི་ལམ་རྩོལ་མེད་ཚེ་གཅིག་སངས་རྒྱས་འགྲུབ་པ་ལ་ལྟོས་ན་དུས་ཡུན་རིང་བས་སངས་རྒྱས་མི་ཐོབ་པ་ལྟ་བུའི་དམན་ལ་དགག་སྒྲའི་དཔེ་ལྟར་རེ་ཞིག་སང༵ས་རྒྱས༵་འགྲུབ༵་པའི་དུས༵་ནི༵་མི༵་གད༵འ་འོ། །རྒྱུ་མཚན་དེས་ན། རྒྱུ་ཡི་ཐེག་པའི་ཆོས་ཉིད་ཡིད༵་དཔྱོ༵ད་དུ་ལུས་པ་དེ་དང་། འབྲས་བུའི་ཐེག་པའི་རྒྱུད་སྡེ་ཐུན་མོང་རྣམས་སུ་བློ༵ས་བྱས༵་རྒྱས་བཏབ་ཀྱི་བསྐྱེད་རྫོགས་སྒོམ༵་སྒྲུབ་འདི༵་རྣམས་རྐྱེན་བཟང་ངན་དང་ཕྲད་ཚེ་གཉེན་པོའི་རང་ཚང་རྟེན་པས་རང་ཚུགས་མི་ཐུབ་ཅིང་འབྲས་བུ་རྫོགས་པ་ཆེན་པོ་རྩོལ་མེད་རང་བྱུང་གི་ཡེ་ཤེས་འདི་ལས་གོལ་བས་ན། བྱིས་པ་མགོ་རྨོངས་སུ་གཏོང་བ་ལྟར་གནས་སྐབས་ལམ་འདི་ལ་བསླུ༵་བྱེད༵་ཀྱི༵་དགྲ༵་ལྟ་བུ་རེད༵་བཅས་སོ། །གསུམ་པ་སྤྱོད་པས་ལ་དོར་བ་ལ། རེ་དོགས་ཀྱི་རྫུན་ཕུག་རྡིབ་ནས་སྨྱོན་པ་ལྟར་སྤྱོད་པ། དེ་ལྟར་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་ཁྱད་ཆོས། གཏེར་ཆེན་བླ་མའི་ཁྱད་ཆོས། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོའི་ཆོས་ཀྱི་ཁྱད་ཆོས་དང་བཞི་ལས། དང་པོ། ད་ནི་འཛིན་སྟངས་ཞིག་པའི་མདོ་མེད་ཀྱི་སྨྱོན་པ། །བྱུང་རྒྱལ་གཅེར་ཉལ་ངང་ལ་མི་ཚེ་འདི་སྐྱེལ་གཏོང་། །ཞེས་གསུངས་ཏེ། འོད་གསལ་གཉུག་མའི་གནས་ལུགས་དམིགས་བསམ་སྤྲོ་འདུ་དང་བྲལ་བའི་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཇལ་བས་ན་ད༵་ནི༵་ཡུལ་དང་ཡུལ་ཅན་གྱི་འཛི༵ན་སྟང༵ས་ཀུན་རང་སར་ཞིག༵་པ༵་སྟེ། ཇི་སྐད་དུ། དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་གྲོལ་བ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུའི་འཛིན་སྟངས་ཞིག་ལུགས་ཀྱི་གནད་དང་ལྡན་ན། རྣམ་རྟོག་བཟང་ངན་ཇི་ལྟར་སྐྱེས་ཀྱང་སྤོང་གཉེན་གཉིས་ཀ་མི་དགོས་པར་རང་བབས་གཉུག་མའི་ངང་དུ་ལྷོད་ཀྱིས་གློད་པས་རྣམ་རྟོག་ཆོས་ཀྱི་སྐུར་དག་པའི་ཕྱིར་རོ། །གལ་ཏེ་རྣམ་རྟོག་ཐ་དད་པ་ཞིག་ལ་གཉེན་པོ་ཐ་དད་པ་ཞིག་བརྟེན་དགོས་ཚེ། རྣམ་རྟོག་ལ་མཐའ་མེད་པས། གཉེན་པོས་སྤང་བྱ་སྤང་བའི་དུས་མི་སྲིད་པའི་ཕྱིར་རོ། །རོང་ཟོམ་པཎྜི་ཏའི་ཐེག་ཆེན་ཚུལ་འཇུག་ཏུ་གསུངས་པ་ལྟར། སྐྱེས་བུ་ཞིག་གི་ཕ་ཤིང་གིས་བསད་དེ། དེའི་རྐྱེན་གྱིས་ཤིང་ལ་ཞེ་སྡང་སྐྱེས་པ་ན། དེ་ཤིང་གཅིག་ལ་ཞེ་སྡང་སྐྱེས་པ་ནས། ཤིང་གཉིས་དང་གསུམ་ནས་ཤིང་ཇི་སྙེད་པ་ལ་ཞེ་སྡང་སྐྱེ་བར་གྱུར་པ་ན། ཞེ་སྡང་དེ་དག་ཐམས་ཅད་རྫས་གཅིག་ཡིན་ནམ། འོན་ཏེ་རྫས་ཐ་དད་རེ་རེ་ཡོད། དེ་ལ་གཅིག་ཡིན་ན་ཤིང་གཅིག་ཐལ་བར་བསྲེགས་པས་ཞེ་སྡང་ཐམས་ཅད་ལྡོག་པར་རིགས་ན་དེ་ལྟའང་མ་ཡིན་ནོ། །གལ་ཏེ་ཐ་དད་རེ་རེ་ཡོད་ན་ནི་དེའི་རྣམ་གྲངས་བརྗོད་པ་ཙམ་ཡང་བསྐལ་པའི་མཐར་ཐུག་པར་བརྗོད་ཀྱང་རྫོགས་པར་མི་འགྱུར་ཏེ། གལ་ཏེ་དེ་དག་སྤང་བར་བྱ་བ་ན། དུས་ཀྱི་མཐའི་སྐད་ཅིག་མ་རེ་རེས་ཞེ་སྡང་རེ་རེ་སྤངས་ཀྱང་ཟད་པར་མི་འགྱུར་བས་མཐའ་རྙེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་འཛིན་སྟངས་ཞིག་པའི་རྣལ་འབྱོར་པའི་ངོར་འཁོར་འདས་ཀྱི་མཚན་ཉིད་བདེན་པར་གྲུབ་པ་ཞིག་ཡེ་ནས་སྐྲ་རྩེ་ཙམ་ཡང་དམིགས་སུ་མེད་པས། ཀུན་ཀྱང་རིག་པ་རང་གི་རང་རྩལ་མེ་ལོང་ནང་གི་གཟུགས་བརྙན་སྣ་ཚོགས་འགག་མེད་དུ་འཆར་བ་བཞིན་དུ་གཞི་དབྱིངས་གྲྭ་ཟུར་མེད་པའམ་སྤྲོས་པ་དང་བྲལ་བའི་ངོ་བོ་ལས་འདའ་མ་མྱོང་བས། འཁོར་འདས་གཉིས་ལ་བཟང་ངན་གྱི་གདམ་ང་ཟད་པས་རྫོགས་པ་ཆེན་པོའི་རང་ངོར་མདོ༵་དོན་སྙིང་པོའི་དམིགས་གཏད་དངོས་པོ་རང་མཚན་པ་ཞིག་མེ༵ད་པས་འཛིན་མེད་ཀྱི༵་སྨྱོན༵་པ༵་ཆེན་པོ་སྟེ། རྗེ་ཉིད་ཀྱི་ཞལ་སྔ་ནས། བླུན་པོས་མགུ་བའི་རེ་བ་དང་། །མཁས་པས་ཁྲེལ་བའི་དོགས་པའང་མེད། །རེ་དོགས་མེད་པའི་སྨྱོན་པ་ངས། །ཡིན་མིན་མེད་པའི་གདམས་པ་བཀྲལ། །ཞེས་དང་། རྗེ་མི་ལས། རྣལ་འབྱོར་མི་ལ་རས་པ་ལ། གཞན་ཡང་སྨྱོའམ་སྨྱོའམ་ཟེར། །རང་ཡང་སྨྱོའམ་སྙམ་པ་བྱུང་། །སྨྱོ་བའི་སྨྱོ་ལུགས་བཤད་ཙ་ན། །ཕ་སྨྱོ་བུ་སྨྱོ་རྒྱུད་པ་སྨྱོ། །རྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཞེས་གསུངས་པ་ལྟར། དེ་ནི་རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་འགྱུར་བའི་ཉམས་ཀྱི་ཚིག་གོ། དེ་ལས་ངག་མ་བཅོས་གྲག་སྟོང་སྐྱེ་མེད་དུ་ཤེས་པས་བབ་ཅོལ་བྲག་ཆའི་སྒྲ་ལྟ་བུ་ལ་བསྟོད་སྨད་གཙང་བཙོག་སོགས་ཀྱི་འཛིན་པ་དག་པས། རེ་དོགས་ཟད་པའི་ཚིག་བྱུང༵་རྒྱལ༵་ཏེ་བབས་བབས་སུ་སྨྲ་བ་དང་། ཐུགས་རིག་པ་གཏད་སོ་དང་བྲལ་བའི་ངང་དུ་ཕྱམ་གདལ་ཞིང་། ལུས་མ་བཅོས་གསལ་སྟོང་ལྷ་སྐུ་རུ་དག་པས་འཇོ་སྒེག་མཛེས་ཆོས་དང་བདག་ཉར་གཅེས་འཛིན་གྱིས་མི་གདུང་བས་གཅེ༵ར་བུར་ཉལ༵་བ་སྟེ། ཚོང་འདུས་ཀྱི་དབུས་ལྟ་བུར་གོས་མེད་གཅེར་བུར་བག་ཡངས་སུ་ཉལ་བ་ལའང་བག་ཚ་བ་མེད་པ། སྣང་གྲག་རིག་སྟོང་རྗེན་པའི་ངང༵་ལ༵་མི༵་ཚེ༵་འདི༵་ཅི་བདེར་སྐྱེལ༵་གཏོ༵ང་བ་སྟེ་དུས་འདའ་བར་བྱའོ། །གཉིས་པ་དེ་ལྟར་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་ཁྱད་ཆོས་བཤད་པ་ལ། གང་ལྟར་བྱས་ཀྱང་དགའ་བོ་རྫོགས་ཆེན་གྱི་རྣལ་འབྱོར། །སུ་དང་འགྲོགས་ཀྱང་སྐྱིད་དོ་པད་འབྱུང་གི་བུ་བརྒྱུད། །ཅེས་གསུངས་ཏེ། དེ་ལྟར་མཉམ་རྗེས་རེ་འཇོག་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་པས་སྒོ་གསུམ་གྱི་སྤྱོད་པ་སྣང་ཚུལ་མ་ངེས་པའི་ཆོས་དང་འཇིག་རྟེན་པའི་སྐྱེ་བོའི་སྣང་བ་མཐུན་པ་དང་མི་མཐུན་པ་ག༵ང་ལྟར༵་སྤྱད༵་པར་བྱས་ཀྱང༵་དངུལ་ཆུའི་རིལ་བུ་ས་ལ་ལྷུང་བ་ལྟར་གཟུང་འཛིན་འཁོར་བའི་སྐྱོན་གྱིས་མ་གོས་པས་ན་ཀུན་ཏུ་དགའ་བོ་སྟེ་མགུ་བའོ། །རྫོག༵ས་ཆེན༵་གྱི༵་རྣལ༵་འབྱོ༵ར་པ་དེ་ནི་གང་ཟག་སུ༵་ཞིག་དང༵་མཉམ་དུ་འགྲོག༵ས་པར་བྱེད་ཀྱང༵་གཞན་སྣང་དབང་བསྒྱར་གྱི་སྤྱོད་པ་ལ་མངའ་བརྙེས་པས་མཛད་སྤྱོད་ཇི་ལྟར་མཛད་ཀྱང་ཀུན་གྱི་ཡིད་དང་མི་མཐུན་པ་མེད་པ། བསམ་པ་ཆོས་ཕྱོགས་ལ་ངང་གིས་དཀྲི་བ། བཟང་འབྲེལ་ཚེ་གཅིག་སངས་རྒྱས་དང་། ངན་འབྲེལ་འཁོར་བ་མཐའ་ཅན་དུ་བྱིན་གྱིས་རློབས་ནུས་པ་དུས་དང་རྣམ་པ་ཀུན་ཏུ་སེམས་བྱུང་ཚོར་བའི་བདེ་བ་མ་ཡིན་པ་འགྱུར་མེད་རྟག་པ་དམ་པའི་བདེ་བ་ཆེན་པོས་སྐྱིད༵་དོ༵། །དེ་ནི་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་བརྡ་སྙན་བརྒྱུད་ཀྱི་བྱིན་རླབས་ཀྱི་རྣོ་སོ་མཆོག་དང་ལྡན་པའི་གྲུབ་བརྒྱའི་སྤྱི་མེས་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝ་སྟེ་པད༵་འབྱུ༵ང་གི༵་ཐུགས་ཀྱི་བུ༵་བརྒྱུ༵ད་རྣམས་ཀྱི་ཁྱད་ཆོས་སོ། །གསུམ་པ་གཏེར་ཆེན་བླ་མའི་ཁྱད་ཆོས་བཤད་པ་ལ། མགོན་ལ་འགྲན་ཟླ་མེད་དོ་གཏེར་ཆེན་གྱི་བླ་མ། ཞེས་གསུངས་ཏེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བདུད་འཇོམས་གླིང་པའི་རྣམ་རོལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་སྔ་འགྱུར་བཀའ་གཏེར་བསྟན་པའི་བདག་པོ་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། དེ་ཡང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། །ལོ་རྒྱུས་དོན་གྱི་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པ་ལྟར། དེའང་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྡོ་རྗེ་སེམས་དཔའམ་ཕྱག་ན་རྡོ་རྗེ་ཡི་བར་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། དགའ་རབ་རྡོ་རྗེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བར་རིག་འཛིན་བརྡའི་བརྒྱུད་པ་དང་། དེ་ནས་རྗེ་འབངས་གྲོགས་གསུམ་སོགས་ནས་ད་ལྟའི་རྩ་བའི་བླ་མ་རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་བར་གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ་བརྒྱུད་པ་གསུམ་དང་། དེ་དག་ལས་ཀྱང་བཀའ་བབ་ལུང་བསྟན་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གཏེར་མའི་ཕྱོགས་ཀྱི་བརྒྱུད་པ་གསུམ་སྟེ་བརྒྱུད་པ་དྲུག་གི་བྱིན་རླབས་ཀྱི་བརྒྱུད་པའི་ཟམ་མ་ཆད་པ། མཁའ་འགྲོ་མའི་ཁ་རླངས་ཐུལ་ལེ་བ་དེ་ཡིན་ཞིང་། སྒྲ་ཚིག་བློ་ཡིས་མཚོན་པར་མི་ནུས་པ། མི་མིན་མཁའ་འགྲོའི་སྙན་བརྒྱུད་ཀྱི་གདམས་པའི་གཏད་རྒྱ་གྲོལ་ཏེ་བརྒྱུད་འཛིན་སྐལ་བཟང་རྗེས་སུ་འཛིན་པ་ལ་མངའ་བརྙེས་པ་ནི་ཉེ་བརྒྱུད་ཀྱི་བྱིན་རླབས་གཞན་ལས་ལྷག་པའི་ཁྱད་ཆོས་སོ། །རང་རེ་གཏེར་ཆེན་བླ་མ་སྐུ་གོང་འོག་ཀུན་གྱི་བརྒྱུད་པ་འདིར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་ཚེ་འདིར་འཇའ་ལུས་འོད་སྐུར་སོང་བ་དང་ལུས་རྡུལ་ཕྲན་དུ་དེངས་པའི་རྣམ་ཐར་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་ཞིང་། གཞན་ཡང་གྲུབ་པའི་འདས་རྟགས་སུ། འཇའ་དང་འོད་ཕུང་། གདུང་དང་རིང་བསྲེལ། རྫུ་འཕྲུལ་ཡ་མ་ཟུང་སོགས་སོ་སོ་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པ་དུ་མ་བྱུང་དང་བྱུང་བཞིན་པ་འབྲས་རྟགས་ཡང་དག་ཡིན་པས་ཀུན་གྱིས་རྩོད་བྲལ་ལགས་སོ། །སྲིད་པ་གསུམ་གྱི་མགོ༵ན་དུ་གྱུར་པ་ཨོ་རྒྱན་འགྲོ་འདུལ་གླིང་པ་འདི་ལ༵་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤངས་རྟོགས་ལ་འགྲ༵ན་པའི་ཟླ༵་བོ་མེད༵་དོ༵། །དེ་ཅི་ཕྱིར་ཞེ་ན། གཉིས་སྣང་བག་ཆགས་ཤིན་ཏུ་ཕྲ་བ་དང་བཅས་པ་བཅོམ་ཏེ་ཀ་དག་ཆོས་ཟད་བློ་འདས་ཆེན་པོར་མངོན་པར་སངས་རྒྱས་ཟིན་པས། རྗེ་ཉིད་ཀྱི་ཞལ་སྔ་ནས། སྔོན་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེ་རྩལ། །མ་འོང་བདེ་གཤེགས་མོས་པ་མཐའ་ཡས་ཞབས། །ད་ལྟ་པད་འབྱང་རྒྱལ་ཚབ་འབྲོག་བན་དངོས། །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཡིན་པ་མ་ཟད་ད་ལྟ་གུ་རུ་པདྨའི་རྒྱལ་ཚབ་འབྲོག་བན་ཁྱིའུ་ཆུང་ལོ་ཙཱ་གཏེ༵ར་ཆེན༵་ཆོས་ཀྱི་རྒྱལ་པོ་སྲིད་ཞི་ཀུན་གྱི༵་བླ༵་མ༵་སྟེ་གོང་ན་མེད་པའོ། །བཞི་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་རྫོགས་པ་ཆེན་པོའི་ཆོས་ཀྱི་ཁྱད་ཆོས་བཤད་པ། ཆོས་ལ་དོ་ཟླ་མེད་དོ་མཁའ་འགྲོ་ཡི་སྙིང་ཐིག །ཅེས་གསུངས་ཏེ། ཆོས་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་ཡ་གྱལ་ཡང་གསང་བླ་ན་མེད་པ་མན་ངག་གི་ཆོ༵ས་འདི་ལ༵་ཐེག་པ་རིམ་པ་དགུ་ཡིས་དོ༵་ཟླ༵་མེད༵་དོ༵་སྟེ་སྒྲུན་དུ་མེད་དེ། ཆོས་དབྱིངས་མཛོད་ལས། ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན། །དམའ་བའི་ལུང་རྣམས་དུས་གཅིག་མཐོང་བ་སྟེ། །ལུང་གིས་རྩེ་མོའི་རང་བཞིན་མཐོང་དང་བྲལ། །དེ་བཞིན་ཨ་ཏིའི་རྡོ་རྗེ་སྙིང་པོ་ནི། །ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་། །འོག་མའི་ཐེག་པས་འདི་དོན་མཐོང་བ་མེད། །ཅེས་གསུངས་པ་བཞིན། ཐེག་པ་ཀུན་གྱི་ཡང་རྩེར་ཡེ་ཤེས་ཀྱི་མཁ༵འ་འགྲོ༵་མ་ཡི༵་སྙི༵ང་གི་ཐིག༵་ལེ་སྟེ་འགྱུར་མེད་རྟག་ཁྱབ་ཆེན་པོ་མཁའ་འགྲོའི་ཐུགས་ཀྱི་དཔལ་བེའུ་དབུས་སུ་བསྐྱིལ་བ་ཟབ་པའི་ནང་ནས་ཡང་ཟབ་ཀྱི་གདམས་པའོ། །བཞི་པ་འབྲས་བུ་བརྟན་པ་ཐོབ་པ་ལ། ཆོས་ཟད་བློ་འདས་ཆེན་པོ་སངས་རྒྱས་རང་ལས་རྙེད་པ་དང་། དེ་ལྟ་བུའི་རྫོགས་པ་ཆེན་པོའི་མན་ངག་སྟོན་པའི་བླ་མའི་བཀའ་དྲིན་དྲན་པ་གཉིས་ལས། དང་པོ། རྨོངས་ཆེན་སྙིང་གི་མུན་པ་རང་མལ་དུ་སངས་ནས། །འོད་གསལ་ཉི་མ་འགྲིབ་མེད་འཁོར་ཡུག་དུ་འཆར་བའི། །སྐལ་བཟང་། ཞེས་གསུངས་ཏེ། རྨོང༵ས་པ་ཆེན༵་པོ་མ་རིག་པའི་རྒྱུས་བསྐྱེད་པའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་བསླད་པའི་སྙིང༵་གི༵་སྟེ་སེམས་ཀྱི་མུན༵་པ༵་ཐམས་ཅད་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་རིག་པ་རང༵་གི་མལ༵་དུ༵་སང༵ས་པ་སྟེ་དག་ནས༵། རྟོགས་པ་དོན་གྱི་འོད༵་གས༵ལ་གྱི་ཉི༵་མ༵་འགྲི༵བ་པ་མེད་པར་ཉིན་མཚན་འཁོ༵ར་ཡུ༵ག་ཏུ༵་འཆ༵ར་བ༵་སྟེ་མཉམ་རྗེས་དབྱེར་མེད་དུ་སོང་ནས་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས་ནས་ཆོས་ཟད་བློ་ཟད་ཆེན་པོར་ཚེ་འདིར་འཚང་རྒྱ་བ་སྟེ། ཇི་སྐད་དུ། རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་བཞིན། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་ལྟར། ལམ་འདི་དང་ཕྲད་པའི༵་སྐྱེ་བོ་རྣམས་ཤིན་ཏུ་ནས་ཀྱང་སྐལ་བ་བཟང་པོ་སྟེ་བསོད་ནམས་ཀྱི་དཔལ་གཉིས་ཀྱིས་མངོན་པར་ཕྱུག་པའོ། །གཉིས་པ་དེ་ལྟ་བུའི་རྫོགས་པ་ཆེན་པོའི་མན་ངག་སྟོན་པའི་བླ་མའི་བཀའ་དྲིན་དྲན་པ། འདི་ཀོ་ཕ་གཅིག་བླ་མ་ཡི་སྐུ་དྲིན། །དྲིན་ལེན་འཁོར་མཐའ་མེད་དོ་བླ་མ་རང་དྲན་ནོ། །ཞེས་གསུངས་ཏེ། དེ་ལྟ་བུའི་མྱུར་ལམ་རྫོགས་པ་ཆེན་པོའི་ལམ་འདི༵་ཀོ༵་ཏེ་འདི་ནི་ཕ༵་གཅི༵ག་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྤངས་རྟོགས་ཀྱི་ཡོན་ཏན་དབྱེར་མ་མཆིས་པ་དཔལ་ལྡན་བླ༵་མ༵་ཡི༵་སྐུ༵་དྲིན༵་ཁོ་ན་ལས་རྙེད་པས། ཐུགས་རྗེས་བསྐྱངས་བའི་དྲིན་གྱི་ལེན་པོ་སྟེ་བྱས་པ་གཟོ་བའི་ཆེད། དུས་བསྐལ་བའི་བར་སྒོ་གསུམ་གྱི་འབད་པ་དྲག་པོས་དངོས་སུ་འབྱོར་པའི་མཆོད་པ་དང་སྟོང་གསུམ་གྱི་ཕྱི་ནང་བརྟན་གཡོ་སྣོད་བཅུད་ལ་སོགས་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་གྲངས་མེད་པས་ཕུལ་བར་བྱས་ཀྱང་བཀའ་དྲིན་ཆ་ཤས་ཙམ་ཡང་གསོ་བའི་ཐབས་མི་འདུག་ན། དྲིན༵་ལེན༵་འཁོར༵་བའི་མཐ༵འ་མི་སྲིད་པ་སྟེ་མེ༵ད་དོ༵། །དེ་ཡང་། བོད་སྤྲུལ་ཐམས་ཅད་མཁྱེན་པས། གསན་གསན་གྲུབ་གྲུབ་མང་ཡང་མཁྱེན་ཚོད་ཅིག་མ་རེད། །འདི་དོན་མངོན་པར་རྟོགས་པའི་སྐལ་ལྡན་དེ་སྐྱིད་དོ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་བཀའ་དྲིན་དེ་དྲན་བྱུང་། །དྲིན་ལྡན་དཔལ་ལྡན་བླ་མ་ཐུགས་རྗེ་རེ་ཆེའོ། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་བཀའ་དྲིན་དང་ལྡན་པའི་དེད་དཔོན་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་འཁོར་བ་དོང་ནས་སྤྲུགས་པའི་གཏེར་ཆེན་གྱི་བླ༵་མ༵་རང༵་སྟེ་ཁོ་ན་རིག་པ་མ་བཅོས་གཉུག་མའི་ངང་ནས་དྲ༵ན་ནོ༵། །གསུམ་པ་ཡོངས་སུ་རྫོགས་པའི་མཇུག་བྱང་བཤད་པ། ཞེས༵་པའ༵ང་རང༵་གི༵་རྡོ༵་རྗེ༵་སློབ་བུའི༵་ཐུ་བོ་སྤྲུལ༵་པའི་སྐུ༵་འཇིག༵ས་མེད༵་ཆོས༵་དབྱིང༵ས་ནོར༵་བུ༵་དོན༵་ཐམ༵ས་ཅད༵་འགྲུ༵བ་པ༵འི་སྡེའི༵་གསུ༵ང་གི༵་ངོར༵། འཇིག༵ས་བྲལ༵་ཡེ༵་ཤེས༵་རྡོ༵་རྗེ༵ས་འཆོ༵ལ་གཏ༵མ་དུ༵་སྨྲས༵་པ་དགེ །སརྦ་དཱ་ཀ་ལ་ནཾ་བྷ་ཝན་ཏུ། འདིར་སྨྲས་པ། རང་བློ་ཤིན་ཏུ་མོས་པའི་གཞུང་བཟང་འདིར། །མ་བསྐུལ་ཡིད་ཀྱི་ལྕུག་ཕྲན་གཡོས་པ་ལས། །གང་ཤར་སྨྲས་པའི་ཉེས་ཚོགས་ཅི་མཆིས་པ། །ཀ་དག་སྤྲོས་པ་བྲལ་བའི་ཀློང་དུ་བཤགས། །ལེགས་བྱས་ཉིན་སྐར་ཙམ་ཞིག་མཆིས་གྱུར་ན། །མཚུངས་མེད་དཔལ་ལྡན་བླ་མའི་བཀའ་དྲིན་ལགས། །དེ་འབད་དགེ་བས་རྒྱལ་བསྟན་དར་ཞིང་རྒྱས། །སྐྱེ་འགྲོ་གདོད་མའི་གཞི་ལ་གྲོལ་གྱུར་ཅིག །ཅེས་པའང་ཨཽ་ཌི་ཡཱ་ནའི་གདམས་ངག་ལ་ཤིན་ཏུ་མོས་པ་གཏེར་ཆེན་བླ་མའི་སློབ་འབངས་ཡོངས་ཀྱི་གྲལ་མཐར་གཏོགས་པ་སྤྲུལ་མིང་པདྨ་རིག་རྩལ་ལམ་འཇིགས་མེད་པདྨ་ཀུན་བཟང་རྣམ་རྒྱལ་པས་ཐུན་གསེང་ལ་བྲིས་པ་མངྒ་ལཾ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept