The Source of Accomplishment—Tibetan

Practices › Lineage Prayers | Collections & Cycles › Longchen NyingtikYumka Dechen Gyalmo | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

English | Deutsch | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

ཡུམ་ཀ་བདེ་ཆེན་རྒྱལ་མོ།

Further information:
Download this text:

༄༅། །ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །

 

གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ། །

བདེ་སྟོང་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །

ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ། །

གཉིས་མེད་འཛིན་བྲལ་ངང་ནས་གསོལ་བ་འདེབས། །

གཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རློབས། །

 

སྣང་སྟོང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །

ལོངས་སྐུའི་སྟོན་པ་རིགས་ལྔ་སྟང་དཔྱལ་ལ། །

ཟུང་འཇུག་བདེ་ཆེན་ངང་ནས་གསོལ་བ་འདེབས། །

མཐའ་བྲལ་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས། །

 

གསལ་སྟོང་རོལ་རྩལ་འགགས་མེད་ཀློང་ཡངས་ནས། །

ཐུགས་རྗེས་སྤྲུལ་སྐུའི་སྟོན་པ་བསམ་ཡས་ལ། །

རྣམ་གསུམ་དད་པའི་ངང་ནས་གསོལ་བ་འདེབས། །

གང་འདུལ་སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས། །

 

འོག་མིན་པདྨ་འོད་ཀྱི་ཕོ་བྲང་དུ། །

སྟོན་པའི་ཞལ་སྐྱིན་པདྨ་འབྱུང་གནས་ལ། །

བཀའ་དྲིན་དྲན་པའི་ངང་ནས་གསོལ་བ་འདེབས། །

འགྱུར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །

 

གནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཡོངས་ཀྱི་བདག །

རྡོ་རྗེ་ཕག་མོ་ཛྙཱ་ན་ས་ཀ་རར། །

བཅུ་དྲུག་དགའ་བའི་ངང་ནས་གསོལ་བ་འདེབས། །

བདེ་སྟོང་གཉིས་འཛིན་བྲལ་བར་བྱིན་གྱིས་རློབས། །

 

རྒྱལ་ཀུན་བསྐྱེད་ཡུམ་མཁའ་འགྲོའི་གསང་གསུམ་ན། །

གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ། །

དངོས་འཛིན་ཞེན་བྲལ་ངང་ནས་གསོལ་བ་འདེབས། །

ལྷ་ཚོགས་རོ་གཅིག་རྟོགས་པར་བྱིན་གྱིས་རློབས། །

ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་རྗེ། །

རྩ་གསུམ་མྱུ་གུ་མཁྱེན་བརྩེའི་འོད་ཟེར་ལ། །

དད་དམ་གོང་འཕེལ་ངང་ནས་གསོལ་བ་འདེབས། །

ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །

འགྲོ་ཕན་སྙིང་རྗེ་ཀུན་ཁྱབ་ཀློང་ཡངས་ནས། །

འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ལ། །

དམ་ཚིག་རྒྱུན་ལྡན་ངང་ནས་གསོལ་བ་འདེབས། །

རབ་འབྱམས་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །

རླབས་ཆེན་འགྲོ་འདུལ་སྤྱོད་པའི་ཀློང་ཡངས་ནས།

རིག་འཛིན་འཇིགས་མེད་རྒྱལ་བའི་མྱུ་གུ་ལ། །

རྣམ་ཐར་རྗེས་དྲན་ངང་ནས་གསོལ་བ་བདེབས། །

ཕྱོགས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །

རབ་འབྱམས་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་ནས

འཇམ་དཔལ་རྡོ་རྗེ་མདོ་སྔགས་གླིང་པའི་ཞབས

སྒོ་གསུམ་ཟོལ་མེད་ངང་ནས་གསོལ་བ་བདེབས་

ཟབ་ལམ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས

 

མི་འབྲལ་བདེ་ཆེན་འཁོར་ལོའི་ཟུར་ཕུད་ནས

བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ

ཁྱེད་ཤེས་མོས་པའི་ངང་ནས་གསོལ་བ་བདེབས

དགོངས་བརྒྱུད་བདུད་རྩིའི་འཚོ་བར་བྱིན་གྱིས་རློབས

 

གསོལ་བཏབ་ཐུགས་རྗེས་འཁོར་འདས་ཆོས་སོ་ཅོག །

ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་རྣམ་རོལ་ཀྱང་། །

དོན་དམ་བདེ་གཤེགས་སྙིང་པོར་ཡོངས་བཟླུམ་པ། །

མྱང་འདས་མཐའ་བྲལ་དོན་ཀྱི་དབུ་མ་མཆོག །

 

ཕྱག་རྫོགས་དབྱེར་མེད་ཡེ་ཤེས་མཁའ་འགྲོའི་ཞལ། །

མངོན་སུམ་མཐོང་ནས་མཐའ་ཡས་འགྲོ་བ་ཀུན། །

བདག་མེད་ལྷ་མོ་མཚོ་རྒྱལ་རྣལ་འབྱོར་མའི། །

གོ་འཕང་མཆོག་ལ་འགོད་ནུས་དཔལ་ཐོབ་ཤོག །

 

ཅེས་ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་འདི་ཉིད་དད་དམ་ཐོས་པའི་ནོར་ལྡན་ཡོ་གི་ས་མནྟ་བྷ་དྲ་དྷརྨཱ་དཱི་དང་། སྔོན་ལས་དགེ་བའི་བག་ཆགས་དུས་སུ་སྨིན་པ་རང་ཉིད་ཀྱི་ཚ་མོ་ཚོགས་གཉིས་དབང་མོ་ཟུང་གིས་ནན་བསྐུལ་ངོར། རྣལ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་མཉམ་བཞག་གི་སྒྲོམ་ནས་རྗེས་ཐོབ་ཀྱི་སྣང་ཆར་སྤེལ་བའི་ཡི་གེ་པ་ནི་འགྱུར་མེད་ཡེ་ཤེས་ཀྱིས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept