Biography of Melong Dorje—Tibetan

Literary Genres › Biography | བོད་ཀྱི་བླ་མ།འགོས་ལོ་ཙཱ་བ་གཞོན་ནུ་དཔལ། | བོད་ཀྱི་བླ་མ།མེ་ལོང་རྡོ་རྗེ།

English | བོད་ཡིག

འགོས་ལོ་ཙཱ་བ་གཞོན་ནུ་དཔལ།

མེ་ལོང་རྡོ་རྗེ།

Further information:
Download this text:

༄༅། །དེབ་ཐེར་སྔོན་པོ་ལས། མེ་ལོང་རྡོ་རྗེའི་རྣམ་ཐར།

དེའི་སློབ་མ་མེ་ལོང་རྡོ་རྗེ་ནི། སྒྲགས་ཕུར་རྣལ་འབྱོར་པ་བསམ་ཡེ་དང༌ཡུམ་འབར་མ་གཉིས་ཀྱི་སྲས་སུ་ཆུ་མོ་ཡོས་ལ་འཁྲུངས། ལོ་དགུ་ལ་་གྲུབ་ཐོབ་ཟ་ལུང་པ་དང་མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང་། ཟངས་མཚོ་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཆ་ཕྲ་མོ་ཤར། བཅུ་དྲུག་ལ་སྒྲགས་ཕུའི་ཞོགས་སྟེངས་སུ་ཚོགས་བརྒྱ་ཚར་བྱས་པས་གནས་ལུགས་ཀྱི་དོན་རྟོགས། དེ་ནས་ཡུལ་ཕྱོགས་མང་པོར་བྱོན་ནས་བླ་མ་མང་དུ་བསྟེན། ལྷོ་ཤ་འུག་སྟག་སྒོ་དང༌། མཁར་ཆུ་ལ་སོགས་སུ་དཀའ་ཐུབ་དང་དཀའ་སྤྱད་མང་པོ་མཛད། བཅོ་བརྒྱད་པ་ལྕགས་སྤྲེ་ལ་སེང་གེ་རྒྱབ་ཏུ་སངས་རྒྱས་དབོན་པོ་ལས་སྙིང་ཏིག་རྣམས་ཞུས། བསྒོམས་པས་ཉིན་ཞག་དྲུག་ཅུ་རྡོ་རྗེ་སེམས་དཔའ་ཉིན་མཚན་མེད་པར་མཐོང༌། དངོས་གཞིའི་དུས་བླ་མ་བརྒྱུད་པ་རྣམས་དང་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས། ཉི་ཤུ་རྩ་གསུམ་པ་ལ་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་གཏེར་ཆོས་མང་དུ་ཞུས་པས་རྡོ་རྗེ་ཕག་མོ་དང་མཇལ། འོད་ཕུང་གི་དཀྱིལ་ན་བདེ་མཆོག་ལྷན་སྐྱེས། རྟ་མགྲིན། སྒྲོལ་མ། ཐུགས་རྗེ་ཆེན་པོ། ཀུན་བཟང༌། རྡོར་སེམས། བི་མ་ལ༌། ཨུ་རྒྱན། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་རིན་པོ་ཆེ་རྣམས་མཐོང་། དུང་ལུང་དུ་མཁའ་འགྲོའི་སྒྲ་ཐོས། ཀ་བ་ཅན་དུ་ནམ་མཁའ་ལ་ཕག་མོ་དང༌ཟྭ་ལུང་པ་བཞུགས་པ་མཐོང༌།

ལོ་ཉི་ཤུ་རྩ་དྲུག་ལ་འཁྲུལ་ཞིག་དར་མ་དང༌། སྤྲུལ་སྐུ་རྒྱ་མཚོ་ལ་སོགས་བསྟེན་ནས་ཆོས་མང་དུ་ཞུས། འཁན་པ་ལྗོངས་དང༌། འཁན་པ་གླིང༌། སེང་གེ་རྫོང་དང༌། ཀུན་བཟང་གླིང་༌། མཁར་ཆུ་རྣམས་སུ་སྒྲུབ་པ་མཛད་ཅིང་འགྲོ་དོན་བསྐྱངས། །ལོ་སུམ་ཅུ་རྩ་བདུན་ལ་འདས་དུས་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཟེར་བའི་སྐལ་བཟང་ཤིག་གིས་གསོལ་བ་བཏབ་ནས། དྲུག་ཅུ་རྩ་གཅིག་གི་བར་དུ་བཞུགས་ཏེ་ཆུ་མོ་ཡོས་ལ་གཤེགས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept