Second Degyal Rinpoche Biography—Tibetan

Literary Genres › Biography | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ། | བོད་ཀྱི་བླ་མ།བདེ་རྒྱལ་རིན་པོ་ཆེ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

བདེ་རྒྱལ་རིན་པོ་ཆེ།

༄༅། །བདེ་རྒྱལ་རིན་པོ་ཆེ་པདྨ་འཇིགས་མེད་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་མདོར་བསྡུས།

༧པདྨ་འཇིགས་མེད་ཆོས་དབྱིངས་རང་གྲོལ་ནི་ཡབ་གསེར་རྟ་རིན་པོ་ཆེ་དང་ཡུམ་ཤེས་རབ་བཟང་མོ་གཉིས་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། དགུང་ལོ་གཉིས་ཀྱི་ཐོག་གོང་མའི་སློབ་ཆེན་འགའ་ཡི་མདུན་དུ་སྔོན་གནས་རྗེས་དྲན་གྱིས་གོང་མའི་སྐུ་རྫས་མཆོད་ཆས་རྣམས་མ་འདྲེས་པར་ཕྱག་གིས་ངོས་བཟུང་བས་སྐྱེ་བོ་ཀུན་དགའ་མགུ་ཡི་རངས་ཀྱི་མེ་ཏོག་འཐོར། ཨ་འཇམ་རིན་པོ་ཆེ་ལས་འབྲི་ཀློག་དབང་ལུང་དང་། ཡབ་གསེར་རྟ་རིན་པོ་ཆེ་ལས་དབང་ལུང་མན་ངག གོང་མའི་ཕྱག་བཞེས་མ་ནོར་བར་སློབ་གཉེར་མཛད། ཆུང་ངུའི་དུས་ནས་མངོན་ཤེས་དང་གྲུབ་རྟགས་ཅུང་ཟད་རང་བཞིན་གྱིས་མངའ་བས་མཆོག་དམན་ཡོངས་ནས་བརྩི་བཀུར་ཆེན་པོ་བྱེད་ཅིང་། དཔེར་ན་དགུང་ལོ་ལྔ་ཙམ་གྱི་སྐོར་ལ་ལན་གཅིག་ཁྱུང་རྫོང་དགོན་གྱི་ཕྱུག་རྫི་རྣམས་ཤ་ཟ་འདོད་ནས་ལྐོག་ཏུ་ལུག་ཅིག་མཆུ་ཏོ་བསྡམས་ཏེ་གསོད་སྐབས་ལུག་ཤི་རུ་མ་བཏུབ་ནས་༧བདེ་རྒྱལ་རིན་པོ་ཆེ་མཁྱེན་ཞེས་སྨྲེ་སྔགས་ཤོར་མ་ཐག་ཏུ་ལུག་ཤི་བ་དང་། ཉིན་ཤས་རྗེས་༧བདེ་རྒྱལ་སྤྲུལ་པའི་སྐུ་མཇལ་དུས་ཁྱེད་ངེད་གཉིས་རུབ་ནས་ལུག་གསོད་ཐུབ་ཙམ་བྱུང་སོང་ང་ཞེས་གསུངས་སྐབས་ཕྱུག་རྫི་སྐྲག་ནས་བཤགས་པ་ཞུས། ཡང་ལན་གཅིག་དགུང་ལོ་དྲུག་བདུན་སྐོར་རྡོ་ནག་རིལ་མཐེབ་མཛུབ་ཙམ་ཞིག་ལ་ཕྱག་གིས་གཅུར་བས་ཕྱག་པར་གསལ་པོར་དོད་པར་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་དུ་མ་ཡོད་པ་མ་བྱན་གྲྭ་པ་པདྨ་བཀྲིས་ནས་ཕྲན་ལ་གསུངས་མྱོང་། ལན་གཅིག་སྐར་མ་རོང་དུ་རྟ་ཐོག་ནས་ཕེབས་འགྲོ་དུས་གློ་བུར་དུ་ཤུགས་ཆེན་པོས་བཤུམས་པར་མཛད་པས་དཔོན་སྟག་ལྷས་དེ་དོན་དྲིས་པས་དེ་རིང་ལྷ་ས་ལ་མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་འདུག་གསུངས། ཕྱིས་སུ་གོ་རྟོགས་བྱུང་སྐབས་དེ་ཉིན་ལྷ་སར་རྒྱ་ཡི་བཅིང་གྲོལ་དམག་དང་བོད་ཀྱི་གཞུང་དམག་བར་འཐབ་འཛིང་བྱས་པའི་དུས་ཏག་ཏག་འཁེལ་འདུག་ཟེར་ནས་ངོ་མཚར་དུ་འཛིན་པ་བྱུང་། ཚེ་དབང་རིན་པོ་ཆེས་མཛད་པའི་བདེ་རྒྱལ་གོང་མའི་རྣམ་ཐར་འཕྲོས་དོན་དུ་བྱུང་བ་ལས། བདེ་རྒྱལ་སྤྲུལ་པའི་སྐུ་འདི་ནི་གྲུབ་པའི་མངོན་རྟགས་སུ། བྲག་གཡང་དང་ཟམ་པ་མི་ཧྲེང་ཐར་དཀའ་བ་རྣམས་ལ་ཆིབས་རྟ་ཐལ་གྱིས་ཐར་བ་སོགས་དང་དཔེར་ན། འཛུམ་ལངས་གཙང་ཆུ་ཆེན་པོའི་རྐང་ཟམ་ཆུང་ངུ་ཞིག་གི་ཐོག་ལ་རྟ་ཐོག་ནས་ཤར་སེ་ཕེབས་པ་མཐོང་བས་མུ་འགུམ་བླ་མ་ཀུན་ཁྱབ་ད་ལྟའང་ངོ་མཚར་དུ་འཛིན་བཞིན་མཆིས། སྐབས་ཤིག་ཕུག་མོ་ཆེར་ལྷ་བསང་ཞིག་གཏོང་དགོས་འདུག་གསུངས་ནས། སྟེང་དུ་བསང་ཁང་ཆེན་པོ་ཞིག་བརྩིགས། གསོལ་ཐབ་ནས་མེ་མུར་མང་པོ་ལྕགས་ཁེམ་གྱིས་གཅུས་ནས། ཞབས་ཞུ་བར་མེ་བཟེད་ཅེས་གསུང་བཀྱོན་པས། ཁོས་ཅི་བཟེད་མེད་པར། སྟོད་ཐུང་ཕུད་གསུངས་ནས་དེ་མ་ཐག་སྟོད་དུང་ཕུད་ནས་བཟེད་པས་མེ་ཁེམ་གསུམ་ཙམ་བླུགས་ནས་བསྣམས་ཕེབས་ཏེ་བསང་ཁང་དུ་བླུགས་ཀྱང་སྟོད་ཐུང་མེས་མ་སྐྱོན་པ་སོགས་གྲུབ་རྟགས་མཛད། སྤྱིར་སྒྲུབ་པ་ཉམས་ལེན་ཁོ་ན་ལ་ཐུགས་སྤྲོ། ལོ་གསུམ་ཕྱོགས་གསུམ་གཙོ་བའི་ལོ་རེར་ཟླ་བ་གསུམ་རེར་ཕལ་ཆེར་མ་ཆག་པར་སྐུ་མཆམས་སུ་བཞུགས་པར་མཛད། གཞན་ཡང་ཉམས་ཆུང་དང་མགོན་མེད་སྤྲང་པོ་རྣམས་ལ་སྙིང་རྗེ་ཆེ་ཞིང་སྦྱིན་གཏོང་མཆོད་འབུལ་ལ་ཐུགས་སྟོབས་ཆེ། ཆེན་པོའི་ངོ་སྲུང་དང་འཇིག་རྟེན་ཆོས་བརྒྱད་ལ་ཐུགས་གཏན་ནས་མི་མཉེས། གང་གི་ཚེ་རབས་ལས་ཀྱི་རིགས་བདག་འཁོར་ལོའི་མགོན་པོ་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་མདུན་ནས་བཀའ་གཏེར་གཉིས་དང་། གཏེར་ཆེན་གོང་འོག་གི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ལུང་མན་ངག་མཐའ་དག་གསན་པར་མཛད། བླ་མའི་བཀའ་གསུང་སྤྱི་བོར་བླངས་ཏེ་སྒྲུབ་པ་མཛད་པས་ཡི་དམ་རྡོ་རྗེ་གྲོ་ལོད་དང་ཁྲོས་མ་ནག་མོའི་ཞལ་གཟིགས་ཐོབ། ཐུགས་ཟིན་གྱི་སློབ་བུར་གྱུར་ཏེ་རྡོ་རྗེ་གྲོ་ལོད་ཀྱི་ཆོས་བདག་ཏུ་དབང་བསྐུར། ༧སྐྱབས་རྗེ་རིན་པོ་ཆེ་གང་ལ་སངས་རྒྱས་དངོས་མཐོང་གི་དད་པས། བླ་མའི་ཆེད་དུ་རང་གི་སྲོག་ཀྱང་བསྡོ་ཐུབ་པའི་གདེངས་ཡོད་པའི་སློབ་བུ་ཞིག་ཀྱང་ཡིན། རང་ཉིད་ཀྱི་སློབ་ཚོགས་ཡོངས་ལ་ནམ་ཁྱུང་དགོན་པའི་སྔར་སྲོལ་ལྟར་སྔོན་འགྲོ་ནས་དངོས་གཞིའི་བར་ཆ་ཚང་བ་ཐེངས་གཉིས་ཙམ་འུམ་ལྷོ་ཟངས་རག་དང་མུ་ཙུར་ཆོས་ཁྲིད་ཟབ་རྒྱས་གནང་། ད་ལྟའི་བར་དུའང་སྐུ་ཡི་ཞལ་སློབ་ཁ་ཤས་ཚེ་དང་སྒྲུབ་པ་མཉམ་ནས་བཞུགས་བཞིན་པ་ལགས། དགུང་ལོ་ཞེ་དགུ་པར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སྐབས། ནམ་མཁར་འཇའ་སྤྲིན་ཀྱིས་ཁེངས། སྐུ་རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ཞག་གསུམ་གྱི་བར་ཐུགས་དམ་ལ་བཞུགས། རིང་བསྲེལ་དཀར་སེར་དམར་ལྗང་དང་། དབུ་ཐོད་ལས་ཡི་གེ་ཨ་རང་བྱུང་དུ་དོད་པ་སོགས་ངོ་མཚར་གྱི་ལྟས་དུ་མ་བྱུང་བའོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept