Biography of Serta Rinpoche—Tibetan

Literary Genres › Biography | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ། | བོད་ཀྱི་བླ་མ།མག་ལོག་གསེར་རྟ་རིན་པོ་ཆེ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

མག་ལོག་གསེར་རྟ་རིན་པོ་ཆེ།

Further information:
Download this text:

༄༅། །གསེར་རྟ་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས།

གྲུབ་དབང་པདྨ་ལུང་རྟོགས་རྒྱ་མཚོ་འམ་གསེར་རྟ་རིན་པོ་ཆེ་མཆོག་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་སྨད་སའི་ཐིག་ལེ་མགོ་ལོག་གསེར་ཐང་མཆོག་གཙང་ཞེས་པར། ཡབ་བསོད་ནམས་རྡོ་རྗེ་དང་ཡུམ་མཐོང་བཟའ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་ལྕགས་ཡོས་ཟླ་༢་ཚེས་༨་ལ་ངོ་མཚར་བའི་བལྟས་དང་བཅས་སྐུ་བལྟམས། མཚན་ཐོས་པ་དགའ་ཞེས་གསོལ། ཀ་ཐོག་གི་དགོན་ལག་གཞི་ཆེན་དགོན་དུ་ཆོས་སྒོར་ཞུགས་ནས་གཞི་ཆེན་དབོན་པོ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་དགོན་པའི་སྒྲིགས་དང་འདོན་ཆ་རྣམས་ལ་བསླབ་སྦྱངས་མཛད། གཞི་ཆེན་དབོན་པོ་རིན་པོ་ཆེ་ལས་ཀློང་གསལ། བདུད་འདུལ། ཞི་ཁྲོ། གནམ་ཆོས་སོགས་ཆོས་སྐོར་མཐའ་དག་གི་དབང་ལུང་གསན། གཏེར་ཆེན་བདུད་འཇོམས་གླིང་པ་དང་། གཏེར་ཆེན་གྱི་དངོས་སློབ་མགོ་སེར་དབོན་པོ་མཁྱེན་རབ་རྒྱ་མཚོ་ལས་ཁྲོས་མའི་ཆོས་སྐོར་དང་། བླ་མ་ཨོ་རྒྱན་འཇིག་མེད་ཆོས་སེང་རིན་པོ་ཆེ་ལས་སྙིང་ཐིག་གི་ཆོས་སྐོར་ཡོངས་རྗོགས་ཀྱི་དབང་ལུང་ཞུས། དབོན་པོ་རིན་པོ་ཆེའི་ལུང་བསྟན་དུ། ཡ་ཐོས་པ་དགའ་ཁྱེད་དགོན་པ་འདིར་ཕན་ཐོག་གི་རེ་བ་ཡོད་ཀྱང་མདངས་དགོངས་ང་ཡི་རྨི་ལམ་ལ། ཁྱེད་གངས་རི་ཞིག་གི་རྩར་སླེབ་འདུག དེའི་འགྲམ་དུ་རི་དྭགས་མང་པོ་བག་ཕེབ་ཀྱིས་རྩྭ་ཟ་ཞིང་མཐོང་། ཁྱེད་ཀྱིས་སེམས་ཅན་འགའ་ལ་ཕན་ཐོག་ཅུང་ཙམ་ཡོད་པ་འདྲ། ཁྱེད་གཡུ་སྒྲ་སྙིང་པོའི་སྐྱེ་བ་ཡིན་ཅིང་སྐབས་སྐབས་སུ་འལ་འོལ་དྲན་པ་འོང་། ཚེ་རབས་ཀྱི་བླ་མ་དམ་པ་ཞིག་ཀྱང་ཕྲད་ངེས་ཡིན། ད་ཁྱེད་ལམ་ལ་བར་ཆད་ཀྱིས་མི་ཚུགས་ཕྱིར་ང་ཡི་སྲུང་མ་ཞིང་སྐྱོང་ལ་གཉེར་གཏད་པ་ཡིན་ཞེས་གསུངས་། བླ་མའི་བཀའ་བཞིན་ཤུགས་སྒང་རི་ཁྲོད་དང་རིམ་བཞིན་ཚེ་རིང་ལྗོངས། ལྷོ་བྲག་མཁར་ཆུ་སོགས་དབུས་གཙང་གི་སྒྲུབ་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། འཇིག་མེད་ཆོས་སེང་རིན་པོ་ཆེ་ཐུགས་ཤིན་ཏུ་མཉེས་ཏེ་ཆོས་བྱེད་པ་ལ་བཙུན་ཆུང་འདི་ལྟ་བུ་དགོས་ཞེས་གསུངས། ལྷ་ལྡན་དུ་ཇོ་བོ་ཡིད་བཞིན་ནོར་བུ་ལ་ཇོ་ཁང་གི་སྒོ་ནས་རྐྱང་ཕྱག་འབུམ་ཐེར་མཛད་པས་ཕྱག་འབུམ་གྲུབ་མཚམས་ཇོ་བོ་ལ་ཐོད་པ་བཏུག་ནས་སྨོན་ལམ་བཏབ་སྐབས་ཇོ་བོའི་སྐུ་ལུས་ནས་སྒྲ་དང་བཅས། ནོར་བུར་ཐོད་པ་ཐུག་པས་ཐོད་པ་གྲང་བསིལ་བྱུང་བ་དང་མཉམ་དུ་ལུས་སེམས་བདེ་བས་ཁྱབ་པ་བྱུང་གསུངས། སྦས་ཡུལ་མཁན་པ་ལྗོངས་ཀྱི་གནས་སྒོ་འབྱེད་རྒྱུའི་ཁ་བྱང་འབྱོར། ཚོགས་ཁང་ཀི་རི་ཡང་རྗོངས་ན་སྐུ་མཚམས་བཞུགས་སྐབས་མཁའ་འགྲོའི་ཚོགས་ཁང་དེར་མཁའ་འགྲོ་མ་མང་པོས་ལུང་བསྟན་སྣ་ཚོགས་དང་ལྷག་པར་ཐབས་ལམ་ལ་བརྟེན་ན་ཤེས་རབ་ཀྱི་རྩ་ཁ་ཕྱེ་བས་འགྲོ་དོན་ཡོང་ཞེས་ལུང་བསྟན་གསལ་པོ་བྱུང་ཀྱང་རེ་ཞིག་བཏང་སྙོམས་སུ་བཞག མདོར་ན་ལོ་བཅུ་ཕྲག་ལྷག་གི་རིང་ལ་བསམ་ཡས་སོགས་དབུས་གཙང་གི་སྒྲུབ་གནས་ཁག་ཏུ་སྒྲུབ་པ་སྙིང་པོར་མཛད། དེ་ནས་སྟོད་ཕྱོགས་སུ་བསྐྱོད་དེ་གངས་མཚོ་ལ་སྐོར་བ་བྱེད་སྐབས་ཆོས་པ་ཞིག་གིས་ནམ་མཁའ་ཁྱུང་རྫོང་ཞེས་པ་དེར། མགོ་ལོག་ཕྱོགས་ཀྱི་བླ་མ་སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་བདེ་རྒྱལ་རིན་པོ་ཆེ་བཞུགས། བཀའ་ཆོས་མང་པོ་གནང་གི་ཡོད་རེད་ཟེར། མཚན་ཐོས་མ་ཐག་ཏུ་དད་པའི་སྤུ་ལོང་གཡོ་བ་ཞིག་བྱུང་བས་དེ་མ་མཇལ་བ་ཐབས་མི་འདུག་ དགོངས་ནས་གནས་བསྐོར་བ་གཞན་འགའ་དང་འགྲོགས་ཏེ་ནམ་མཁའ་ཁྱུང་རྫོང་དེར་ཕེབས། ཚེས་བཅུ་གསུངས་བ་དང་འཁེལ་བས་བྱིན་རླབས་ཁྱད་དུ་འཕགས་པ་མཇལ་སྤྲོ་བ་ཚད་མེད་པ་བྱུང་། དགོང་མོ་ཚོགས་གྲོལ་བ་དང་བདེ་རྒྱལ་རིན་པ་ཆེའི་སྐུ་མདུན་དུ་བཅར། ཐུགས་མཉེས་ཤིང་བཀའ་མོལ་མང་ཙམ་མཛད་མཐར་ད་ཁྱོད་གང་ན་འགྲོ་བ་ཡིན་གསུངས། ད་ལོ་རྒྱ་གར་མཚོ་པདྨ་ཕྱོགས་ལ་འགྲོ་དགོས་བསམ། དེ་རིང་ཚེས་བཅུ་གསུངས་པ་བྱིན་རླབས་ཤིན་ཏུ་ཆེ་བ་བྱུང་། སང་ཉིན་དགོངས་པ་ཞུ་བ་ཡིན་ཞུས་པས། འོ་ན་སང་ཉིན་སྔ་པོ་ཁྱུག་ཙམ་འདིར་ཤོག་ཕ་ཡུལ་གྱི་ཁ་བརྡ་རེ་བྱེད་གསུངས། ཇ་མར་ཞིབ་བཅས་གསོལ་རས་མང་ཙམ་གནང་བ་རྣམས་ཁྱེར་ནས་དགོངས་པ་ཞུས། ཕྱི་ཉིན་སྐུ་མདུན་དུ་སྔ་པོ་ནས་སྐུ་བཅར་ཞུས་པས་འཁྲུངས་ཡུལ་གྱི་བཀའ་མོལ་ཞིབ་ཆ་གནང་མཐར་ཆོས་ཁྲིད་དུ་གདན་དྲངས་སྤོས་སྣེ་བ་སླེབས། ཡ་ད་ཁྱེད་སོང་ན་འགྲིགས་ང་ཆོས་ཤིག་ཤོད་དུ་འགྲོ་དགོས་གསུངས་པ་དང་། རིན་པོ་ཆེ་ལགས་དེ་རིང་བཀའ་ཆོས་གང་གསུང་གནང་གི་ཡོད་ཞུས་པས། དེ་རིང་སྣང་སྦྱང་གི་ཁྲིད་ཡིག་ཡིན་གསུངས། འོ་ན་དེ་རིང་ངས་ཀྱང་ཆོས་འབྲེལ་ཞིག་ཞུས་ན་ཨེ་ཆོག་ཞུས་པས་སྔོན་འགྲོ་འབུམ་ལྔ་བསྐྱལ་ན་ཞུ་ཆོག དེ་མིན་ཞུ་མི་ཆོག་གསུངས། སྔོན་ཆད་ཁྲོས་མའི་འབུམ་ལྔ་དང་སྙིང་ཐིག་གི་འབུམ་ལྔ་སོགས་ཚར་ལྔ་ཙམ་བསྐྱལ་ཚར་བ་ཡིན་དེས་ཨེ་ཆོག་ཞུས་པས། དེས་མི་ཆོག་ང་ཡི་ཆོས་འདི་རང་གི་འབུམ་ལྔ་མ་བསྐྱལ་ན་མི་འགྲིགས་གསུངས། ལགས་སོ་འོ་ན་ང་ནི་གནས་སྐོར་ལ་འགྲོ་དགོས་འབུམ་ལྔ་བསྐྱལ་དུ་མི་ཁོམ་པ་འདུག་དགོངས་པ་ཞུ་བར་གསོལ་ཏེ་བྱིན་རླབས་ཞུས། སྒྲུབ་ཁང་བསྐོར་བ་ལ་ཕྱིན་པས། བཀྲིན་འཁོར་མེད་རིན་པོ་ཆེ་དེ་མར་ཙམ་ཕེབས་ནས་གསུང་སྐད་སྐྱོན་བྱུང་བར་ཅི་ཡིན་བསམ་ནས་བལྟས་པས་ཕྱག་གིས་གཡབ་མོ་མཛད་ཀྱིན་འདུག་ཅིང་། ཕྲལ་དུ་སྐུ་མདུན་དུ་བཅར་བས། འོ་ཡ་དེ་རིང་མཚན་དོན་ཙམ་ཡིན་པས་ཁྱེད་རང་བསྡད་ཀྱང་ཆོག་གསུངས་བྱུང་བས་ཆོས་ཁྲིད་ལ་བཅར། ཆོས་གསུངས་པའི་བླ་མ་འདི་རྡོ་རྗེ་འཆང་དངོས་སུ་འདུག གསུང་རྣམས་ཡན་ལག་དྲུག་ཅུའི་གསུང་ལོས་ཡིན་དགོངས་ཏེ་ཉིན་གང་སྤྱན་ཆབ་བསིལ། ད་ནི་ཤི་ཐོད་པ་ས་ལ་མ་བོར་གྱི་བར་དུ་བླ་མ་འདི་དང་མི་འབྲལ་བ་ཡིན་བསམ་པའི་དམ་བཅའ་བྱས། ཆོས་ཁྲིད་གྲོལ་བ་དང་སྐུ་མདུན་དུ་བཅར་ནས། བཀའ་དྲིན་འཁོར་མེད་རིན་པོ་ཆེ་ད་ང་ལ་སང་ཉིན་ནས་ཆོས་ཁྲིད་ཐོབ་ཨེ་ཡོང་ན་ཞུས་པས། ཁྱེད་ཆོས་ཞུ་ཁོམ་མེད་བྲེལ་པོ་ཡོད་ཟེར་ན་མ་གཏོགས་ཆོས་ཐམས་ཅད་ལ་ཐོབ་ན་ཁྱེད་ལ་མི་ཐོབ་པ་གང་ཡང་མེད་གསུངས། ལགས་སོ་ཆོས་འདི་ལྟ་བུ་ཞིག་ཐོབ་ན་ད་ནི་ནམ་ཤིའི་བར་དུ་མི་ཁོམ་པ་མེད་པས་ལུས་ངག་ཡིད་གསུམ་རིན་པོ་ཆེ་ལ་འབུལ། ཁྱེད་ཀྱི་རྗེས་སུ་འཛིན་པར་ཞུ་ཞེས་ཞུས་ནས་ཕྱག་མང་ཙམ་ཕུལ་བས། འོ་ཡག་བྱུང་རྟེན་འབྲེལ་འགྲིགས་ཞེས་གསུངས། དེ་ནས་བླ་མའི་བཀའ་བཞིན་དགུན་ཁ་གུ་གེ་དང་འོམ་ལྷོ་རོང་སོགས་སུ་ཟས་རླུང་རྟེན་ཙམ་དང་གོས་ལྷག་སྐྱོབས་ཙམ་ལ་རྟེན་ནས་དཀའ་སྤྱད་ཆེན་པོས་སྒྲུབ་པ་མཛད། དབྱར་གདན་སར་ཕེབས་ནས་ལོ་ལྟར་སྨྱུང་གནས་དཀར་པོ་ཆ་བརྒྱད། ཟླ་བ་བཞི་པའི་ཚེས་ཉེར་གསུམ་ནས་བླ་སྤྲུལ་ཁག་དང་གྲྭ་བཙུན་ཕོ་མོ་སྔགས་བཙུན་བཅས་སློབ་མ་སྟོང་ཕྲག་བརྒལ་བ་ལ་བཀའ་ཆོས་གསུངས་ཤིང་ཐོག་མར་ས་གཏེར་སྔོན་འགྲོའི་ཁྲིད་ཡིག་ཁྲོས་མའི་དབང་ལུང་། རིམ་བཞིན་གཅོད་ཁྲིད། འཕོ་བ། སེམས་ཁྲིད། སྣང་སྦྱང་། ཐོད་བརྒལ་གྱི་བར་རྒྱས་པར་གནང་། མཐར་ཟླ་༧་ཚེས་༢༥་ལ་སྐུ་མཚམས་ལ་བཞུགས་ཁར་གསེར་རྟ་བླ་མ་ཁྱེད་ད་ལོ་འོམ་ལྷོ་རོང་ལ་སོང་ནས་ལོ་གསུམ་སྒྲུབ་པ་ཞིག་བྱེད་ན་ཡག་པོ་འདུག་གསུངས་བྱུང་བར་སྡོད་ལུགས་རྣམས་བཀའ་འདྲི་ཞུས། དེ་ནས་དགོངས་པ་ཞུས་ཏེ་འོམ་ལྷོ་ལ་ཕེབས་པ་དང་ཡུལ་ཁ་ཤས་ལ་བསོད་སྙོམས་མཛད་པས་རྒྱག་ཕྱེ་ཕྲན་བུ་རེ་ཐོབ། མུ་ཙུ་ལ་ཕེབས་ནས་མགོན་པོ་བཀྲ་ཤིས་ཟེར་བའི་མི་དེ་ལ་འདིའི་ཕར་ཀ་ལ་མཚམས་སྒྲུབ་བྱེད་སའི་ཕུག་པ་འདྲ་ཨེ་ཡོད་དྲིས་པས། འོ་ཡག་ཟེར་བའི་ཕུག་པ་ཞིག་ཡོད་ཟེར། རྟེན་འབྲེལ་འགྲིགས་གསུངས་ནས་དེར་ཕེབས་ཏེ་ད་འདིར་ཟླ་བ་ཁ་ཤས་ཞིག་མཚམས་ལ་བསྡད་དགོས་གསུངས་འདུག་པར་གསང་ཡུམ་ཤེས་རབ་ཀྱིས་མཚམས་རྒྱག་རྩ་བ་ནས་མེད་པར་མཚམས་ལ་ཅི་འདྲ་མཛད་དེ་བཞུགས་ཞུས་པས་ང་རང་འགྲིག་འགྲོ། འབྲས་ཕྲན་བུ་ཡོད་པ་དེ་ང་རང་གཉིས་ཀྱིས་དེ་རིང་བཟའ། དེ་ནས་ཁྱེད་རང་བསོད་སྙོམས་སློང་བར་སོང་གསུངས་བྱུང་བར། ཨ་ཙི་འབྲས་བཙོ་ཐེང་གཅིག་པུ་འདི་མ་གཏོགས་ཅི་ཡང་མེད་པས་འདི་ཟས་ནས་ཁྱེད་ལྟོག་པ་ལ་ཅི་འདྲར་བཞུགས་ཞུས་པས། ངས་ནི་ཡག་ཡག་བྱས་ནས་འབྲས་དེ་བཙོས་ལབ་པ་ཡིན། ད་མ་བཙོས་ན་ཁྱད་པར་མེད་གསུངས་ནས་ཆུ་ཞིག་བསྐོལ་ཡོད་པ་དེ་ནས་ཕུད་སྐོང་གང་བསྐང་ཏེ་ཐོད་ཌཱམ་བཀྲོལ་བཞིན་མཐུན་བསྡམས་ཏེ་ཟླ་བ་དྲུག་བར་སྐུ་མཚམས་ལ་བཞུགས། དེ་ནས་ཐོད་ཙམ་ལ་གཡུ་སྐྱེམས་སྒྲུབ་ཁང་ལ་ཕེབས་ནས་ལོ་གསུམ་བཞུགས་རྒྱུའི་དམ་བཅའ་མཛད། གསོལ་རྒྱག་དཀོན་པས་སྐབས་འགར་བཅུད་ལེན་ཁོ་ན་དང་དཀའ་སྤྱད་ཆེན་པོས་ལོ་གསུམ་གྱི་སྒྲུབ་པ་མཐར་ཕྱིན་པར་མཛད་པས་ཡིད་དམ་ལྷ་ཡི་ཞལ་གཟིགས་གྲུབ་པའི་རྟགས་ཐོན། འོམ་ལྷོ་དང་། ཀརྨ་རོང་སོགས་སུ་མུ་སྟེགས་པའི་ཤུགས་རྐྱེན་གྱིས་ཡུལ་ལྷ་སོགས་ལ་དམར་མཆོད་བྱེད་པའི་སྲོལ་རྒྱུན་ངན་པ་ལ་ལ་ནི་ལྷ་བ་རང་ལ་དམར་མཆོད་མི་ལེན་བའི་ཁས་ལེན་དུ་བཅུག འགའ་ ཞིག་ནས་མངོན་སྤྱོད་མནན་སྲེག་གིས་བཏུལ་ཞིང་སྣུབས་པར་མཛད་ནས་ཐམས་ཅད་ཆོས་ལ་བཀོད། ཕྱི་རབས་ཀྱི་དོན་དུ་ཞལ་གདམས་ཁྲིད་ཡིག ལྟ་བའི་ཉམས་མགུར། རྒྱང་འབོད་སོགས་གསོལ་འདེབས་ཀྱི་རིགས། ལྷ་མོའི་གསོལ་མཆོད་སོགས་གསུངས་བརྩོམས་པོད་གཉིས་ལྷག་བཞུགས། ལོ་གསུམ་རྗེས་སུ་སླར་ཡང་བཀའ་དྲིན་འཁོར་མེད་རིན་པོ་ཆེ་ཞལ་མཇལ་ནས་སྔར་རང་གི་སྒྲུབ་པ་ཉམས་ལེན་བྱས་པ་རྣམས་ཞུས། ཕྱིས་༧སྐྱབས་རྗེ་ཡིད་བཞིན་ནོར་བུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པས་བླ་མའི་འདས་རྗེས་དགོངས་རྫོགས་དང་འབྲེལ་རྟེན་བཞེངས་ཀྱི་སྐོར་ལ། ༧སྐྱབས་མགོན་བདེ་རྒྱལ་རིན་པོ་ཆེ་ཞི་བར་གཤེགས་ནས་ཞལ་སློབ་རྣམས་ཀྱིས་སྐུ་དམར་གདུང་བཞུགས་ན་བྱིན་རླབས་ཆེ་ཞིང་། མཐོང་ཐོས་ཀྱི་འགྲོ་བ་མང་པོ་གྲོལ་བའི་ཆེད་དུ་གདུང་རྟེན་མྱུར་དུ་བཞེངས་དགོས་པ་དང་། གདུང་རྟེན་གྱི་རྒྱུ་ཡང་རབ་ཙན་དན་དཀར་དམར་དགོས་པ་ལ་ཙན་དན་དཀར་དམར་བསྒྲུག་རྒྱུ་ཁོང་གིས་ཞལ་བཞེས་གནང་ནས་བལ་ཡུལ་ནས་ཙན་དན་དཀར་དམར་མི་ཁུར་བཞི་བཅས་གློ་བོ་རྒྱུད། མུ་གུམ་ཕྱོགས་ནས་ཨ་ག་རུ་པང་ལེབ་ཀྱང་མང་ཙམ་བསྣམས་ནས་ཆོས་གྲོགས་ཚང་མས་བསུ་བ་དང་བཅས་གདན་སར་ཕེབས། ཙན་དན་དཀར་དམར་དང་། ཨ་ག་རུའི་པང་ལེབ། དངུལ་བལ་ཊམ་ང་པ་གསུམ་སྟོང་། གཡུ་བྱུར་དང་ནོར་བུའི་རིགས་བྱེད་ཀྱི་ཕྲ་ཕོན་ཆེན་བཅས་ཕུལ་བས་ཆོས་གྲོགས་ཚང་མ་ཐུགས་མཉེས་ནས་བསྔགས་བརྗོད་བཅས་སྙན་པའི་གྲགས་པས་ཁྱབ། གདུང་རྟེན་གྱི་ཕྱི་དངུལ་གྱི་གཞི་ལ་གཡུ་བྱུ་རུ་གཟི་དང་བཅས་པའི་ཕྲ་ཚོམ་ལེགས་པའི་ནང་དུ་སྐུ་དམར་གདུང་རིན་པོ་ཆེ་བཞུགས་སུ་གསོལ་བ་ད་ལྟ་རྒྱ་གར་ཨོ་རི་ས་གཞིས་ཆགས་སུ་ངོ་མཚར་འབར་བཞིན་བཞུགས། རྒྱལ་ཚབ་ཨ་འབྱམས་རིན་པོ་ཆེ། ཁོང་དང་བླ་མ་བློ་བཟང་ཉི་མ་སོགས་སྐུ་བགྲེས་རྣམས་ཀྱི་གཙོས་ནམ་མཁའ་ཁྱུང་རྫོང་དགོན་པ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་པར་གྲུབ་པ་དང་། དེ་བཞིན་རང་ཉིད་ཀྱི་གདན་ས་རྩེ་བརྒྱ་དགོན་པའི་རྟེན་དང་བརྟེན་པ་གསར་བཞེངས་མཛད། མདོར་ན་འཁོར་ལོ་གསུམ་གྱི་མཛད་བཟང་རྨད་དུ་བྱུང་བས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལགས་སོ། །རིམ་གཉིས་ཀྱི་རྣལ་འབྱོར་ཆེན་པོ་གང་ནི་གཏུམ་མོ་བདེ་དྲོད་ལ་དབང་བའི་རྟགས་སུ་ལན་གཅིག་མར་ཡམ་ལ་མགོར་གངས་ཆེན་པོ་སྐེད་པ་ཙམ་བབས་པས་ཉིན་ཞག་ལུས་སྐབས་གཏུམ་མོ་སྒོམ་པས་རང་གི་གཡས་ཡོན་དུ་འདོམ་གང་ཙམ་ཁ་བ་ཞུ་ནས་ས་ནག་ཐིང་ངེ་མཐོང་བ་དང་། སྐུ་སྲོག་ལ་མ་སྐྱོན་པར་རང་སར་གནས་ཞིང་ཀུན་གྱིས་ངོ་མཚར་འཛིན་པ་བྱུང་། སྐབས་ཞིག་སླེ་མི་ཝ་མཛེས་ནས་ཏིལ་ལ་ཕེབས་སྐབས་ཏིལ་གྱི་ལུང་མདོར་སླེབས་པ་དང་། གཙང་ཆུ་ཡོད་པའི་ལུང་མདོ་ནས་ཡར་བྱོན་པས་ཆུ་དེ་སྐད་ཅིག་ལ་ཇེ་ཆེར་སོང་ནས་གང་དུའང་ཐར་ཐབས་མེད་པར་གྱུར་ནས་སྡོང་པོ་ཆེ་ཚད་གཅིག་ཆུ་ལ་ཟམ་པར་ལྟར་ཚུགས་བྱུང་བར་དེའི་སྟེང་ནས་དཔོན་གཡོག་མྱུར་བར་ཐོན་པ་དང་ཤིང་སྡོང་ཆུ་ཡིས་ཁྱེར། ཆུ་ལོག་ཆེན་པོ་དེས་ཏིལ་བའི་ཞིང་ཁང་མང་ཙམ་ལ་སྐྱོན་བྱུང་ཡང་བདག་ལ་སྟོད་དུ་ཕེབས་པའི་སྤྱིན་བདག་གི་ཐོག་མར་ཆུ་ཡིས་བསུ་བ་བྱུང་བས་རྟེན་འབྲེལ་ཀྱང་འགྲིགས་གསུངས། གཡུ་སྐྱེམས་རང་དུ་ཆུ་གཏེར་གསུམ་ཙམ་དང་གློ་ཆུ་མིག་བརྒྱ་ཚར་བླ་མ་འཇལ་དཔལ་རབ་རྒྱས་ཀྱི་གཟིམ་ཁང་བདེ་སྐྱིད་ཕོ་བྲང་གི་ནང་དུ་སྒྲུབ་ཆུ་ངོ་མཚར་ཅན་ཞིག་གཏེར་དུ་བཞེས་པ་སོགས་གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ། སྐྱབས་མགོན་བདེ་རྒྱལ་གྱི་སློབ་མའི་མཆོག་ཏུ་གྱུར། སྟོད་མངའ་རི། འོམ་ལྷོ། ཀརྨ་རོང་། མུ་ཁུམ། དོལ་པོ། གློ་ཆུ་མིག་བརྒྱ་རྩ། གློ་བོ་སྨན་ཐང་། ཁུ་ནུ་གར་ཤ་སོགས་སུ་ཞབས་སོར་བཀོད་དེ་བསྐལ་བ་དང་ལྡན་པའི་སློབ་ཚོགས་ལ་ས་གཏེར་སྔོན་འགྲོ་ནས་བརྩམས་ཏེ་ཁྲོས་མའི་དབང་ལུང་། ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་འགྲེལ། འཁོར་འདས་རུ་ཤན། གནས་ལུགས་རང་བྱུང་། སྣང་སྦྱང་། ཐོད་རྒལ་སོགས་ཁྲག་འཐུང་བདུད་འཇོམས་གླིང་པའི་ཕྱག་བཞེས་འཁྲུལ་མེད་པདྨ་བདེ་བའི་རྒྱལ་པོ་ཡི་ཞལ་རྒྱུན་ལྟར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་པས་ངེས་པ་དོན་གྱི་རྣལ་འབྱོར་པས་རི་སུལ་གང་བར་མཛད། ཐུགས་སྲས་རྒྱུད་འཛིན་གྱི་གཙོ་བོ་༧སྐྱབས་རྗེ་བདེ་རྒྱལ་རིན་པོ་ཆེ་པདྨ་འཇིག་མེད་ཆོས་དབྱིངས་རང་གྲོལ་དང་། ཚོགས་ཁང་རིན་པོ་ཆེ་ཚེ་དབང་རྡོ་རྗེ་རྣམ་གཉིས་ནི་རིགས་དང་ཆོས་ཀྱི་རྒྱུད་འཛིན་གྱི་གཙོ་བ་ོདང་། གཞན་ཡང་ཚེ་དང་སྒྲུབ་པ་མཉམ་པའི་སློབ་མ་དགེ་རིག་བཟང་རིན་པོ་ཆེ། དགེ་ཚུལ་ཁྲིམས་རྒྱ་མཚོ། དགེ་པདྨ་ཀུན་གྲོལ། བླ་མ་སངས་རྒྱས། བླ་མ་ཀ་དག དཀར་བསྟི་བླ་ཆུང་སོགས་སློབ་མ་ཚར་དུ་དངར་བ་མང་པོ་བྱོན། རྩེ་བརྒྱ་དགོན་དང་ན་ཝལ་ཐང་། ཡང་སི་དགོན། གངས་གྲོ་བོ་ལུང་སོགས་སུ་སྒྲུབ་གནས་གཙོ་བོར་མཛད་ནས་ཕྱི་ལོ་༡༩༥༩ལོར་བོད་ནང་དུས་ཀྱི་ཟིང་འཁྲུག་ལ་བརྟེན་ནས་རྒྱ་གར་སན་རྡེའུ་ཞེས་པར་བོད་རིགས་སྡོད་སྒར་དེར་ཕེབས་དགོས་པ་བྱུང་། བོད་མི་སྟོང་ཕྲགས་མང་པོ་དང་ནམ་མཁའ་ཁྱུང་རྫོང་གི་མཆོག་སྤྲུལ་རིན་པོ་ཆེ་དང་གྲྭ་ཚང་བཅས་དགའ་ཚོར་ཆེན་པོས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས། ལོ་ངོ་གཉིས་ལྷག་གི་རིང་ལ་གནས་ཆེན་ཁག་གི་གནས་མཇལ་དང་། ཞལ་སློབ་རྣམས་ལ་དབང་ལུང་གདམས་པ་དང་། མི་མང་ལ་ལུགས་གཉིས་བསླབ་བྱ་གནང་ནས། མཐར་དགུང་གྲངས་དོན་གཉིས་ཐོག་སྐུ་ཅུང་ཟད་སྙུང་ཚུལ་མཛད་ནས་དྭངས་བ་དང་སློབ་མ་རྣམས་ལ། རྩ་བའི་བླ་མ་བཀའ་དྲིན་འཁོར་མེད་སྐུ་ཞི་བར་གཤེགས་ནས་ད་བར་མི་ལྕོག་བཞིན་དུ་ཆོས་ཀྱི་རྐང་འདྲ་བོ་ཞིག་ཟིན་ཁུལ་བྱས་ཏེ་ཚེ་མཇུག་འཁྱོལ་བ་ཡིན། ད་ནི་མཆོག་སྤྲུལ་རིན་པོ་ཆེ་ཡང་སྐུ་ནར་ སོན་ཞིང་དབང་ལུང་གདམ་ཁྲིད་མཛད་ཐུབ་པས་ཕ་རྒན་ང་བློ་བདེ་བ་ཡིན། ད་ཕྱིན་ཁྱེད་ཚོ་འགྲོ་ཐུབ་ན་སྐྱབས་རྗེ་བཀའ་དྲིན་འཁོར་མེད་བདུད་འཇོམས་རིན་པོ་ཆེའི་སྐུ་མདུན་དབང་ལུང་ཁྲིད་གསུམ་ཞུས། དེ་ལྟ་བུ་འགྲོ་མི་ཐུབ་ན་མཆོག་སྤྲུལ་རིན་པོ་ཆེ་ལ་ཞུས་ནས་སྒྲོ་དོགས་ཆོད་པ་རེ་གལ་ཆེ་གསུངས་བཞིན། རང་སྣང་དག་པ་བདེ་བ་ཅན་གྱི་ཞིང་། །རང་རིག་གཞི་ཡི་སངས་རྒྱས་འོད་དཔག་མེད། །རང་རྩལ་སྒྱུ་འཕྲུལ་རོལ་བའི་འཁོར་དང་བཅས། །རང་སྣང་ནུབ་མ་ཐག་ཏུ་མངོན་གྱུར་ནས། །འགྲོ་ཁམས་རྒྱ་མཚོ་འདྲེན་པའི་དཔལ་ཐོབ་ཅིང་། །བཟང་ངན་འབྲེལ་བ་ཐོབ་པའི་སྐྱེ་འགྲོ་ཀུན། །མ་རིག་འཁྲུལ་སྣང་དབྱིངས་སུ་སད་ནས་ཀྱང་། །རང་རིག་ཆོས་སྐུའི་རྒྱལ་ས་འཛིན་པར་ཤོག །ཅེས་གསེར་བླ་རྒན་པོས་འཆི་འཁའི་སྨོན་ཚིག་གོ་ཞེས་གསུངས། ཤིང་འབྲུག་ཟླ་བ་༡༠་ ཚེས་༢༡ ཕྱི་ལོ་༡༩༦༤ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་རྣམ་སྣང་ཆོས་བདུན་བཅས་ཉིན་གཉིས་རིང་ཐུགས་དམ་གཡོ་བ་མེད་པར་བཞུགས་ཞིང་སྤུར་བཅོས་ལེགས་པར་གྲུབ་ནས་བོད་སྒར་གྱི་དབུ་འཛིན་དང་སེར་སྐྱ་མི་མང་ཡོང་ནས་སེར་འཕྲེང་ཟབ་རྒྱས་དང་། ནམ་ཁྱུང་འདུས་པ་ཡོངས་དང་དགོན་ཁག་ལྔ་ཡི་དགེ་འདུན་པ་བརྒྱ་ཕྲག་གིས་ཚོགས་མཆོད་དང་སྦྱིན་སྲེག་རྒྱ་ཆེར་ཕུལ་སྐབས་གདུང་ཁང་ནས་དབུ་ཐོད་འཕར་ནས་མཉམ་བཞག་གི་ཕྱག་མཐིལ་དུ་སྒྲ་དང་བཅས་པ་བབས་པ་ཀུན་གྱིས་མིག་སྔར་མངོན་སུམ་དུ་གྱུར་བ་བཞིན། ནམ་མཁའ་དྭངས་བར་དུད་པ་དཀར་པོ་འཇའ་སྤྲིན་ལྡིང་བ་ལྟ་བུས་རི་ལུང་འཇའ་འོད་ཀྱིས་འཁེངས་པ་སོགས་ངོ་མཚར་བའི་བལྟས་ཤིན་ཏུ་མང་བ་བྱུང་ངོ་།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept