Tsewang Rinpoche Biography—Tibetan

Literary Genres › Biography | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ། | བོད་ཀྱི་བླ་མ།ཚོགས་ཁང་མཆོག་སྤྲུལ་རིན་པོ་ཆེ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

Tsokhang Choktrul Tsewang Dorje Rinpoche

Further information:
Download this text:

༄༅། །ཚེ་དབང་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

སྐུ་ཞབས་ཚེ་དབང་རིན་པོ་ཆེ་ནི། ཡབ་གསེར་རྟ་རིན་པོ་ཆེ་དང་ཡུམ་ཤེས་རབ་བཟང་མོ་གཉིས་ལས་སྐུ་འཁྲུངས། ཚོགས་ཁང་རིན་པོ་ཆེའི་སྤྲུལ་སྐུར་ངོས་བཟུང་། བདེ་རྒྱལ་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་གཅེན་པོའང་ཡིན། སྐུ་ན་ཆུང་དུས་ནས་ཐུགས་རིག་བཀྲ་ལ་ཐོས་བསམ་ལ་བརྩོན་འགྲུས་ཀྱང་ཆེ་བས་སྐུ་ཡི་མཁྱེན་རྒྱ་ཤིན་ཏུ་ཡངས། ཁྱད་པར་ནམ་ཁྱུང་རང་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་ལོ་གསུམ་ཕྱོགས་གསུམ་གྱི་ཁྲིད་བཀའ་སྐྱོང་ཚུལ་སོགས། དཔེར་ན་ཁྲོས་མའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་ཟིན་བྲིས་དང་སྨྱུང་གནས་ཀྱི་ཟིན་བྲིས། རྒྱགས་རྔན་ལྷ་བསང་ཆེན་མོ། ལྷ་མོའི་བསྐང་གསོལ་སོགས་ཀྱི་འདོན་འགྲིག་དང་། གཏོར་མའི་དཔེ་རིས། ལོ་གསུམ་མཚམས་ཀྱི་ཟིན་བྲིས་སོགས་ལ་བལྟས་ཀྱང་ནམ་ཁྱུང་བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བ་ཤེས་ཐུབ། གཞན་ཡང་དབང་ལུང་གི་བཀའ་དྲིན་བསྐྱངས་པ་ལ། ས་གཏེར་སྔོན་འགྲོའི་འགྲེལ་པ་གསེར་རྟ་རིན་པོ་ཆེས་མཛད་པའི་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཡེ་ཤེས་བླ་མ་དམ་པའི་ཞལ་ལུང་ཞེས་བྱ་བ་དང་། ཁྲོས་མའི་གཅོད་ཁྲིད་དུ་གྲགས་པ་གསང་ཆེན་ཐེག་པའི་ཡང་ཞུན་གཅོད་ཀྱི་གདམས་པ་གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོའི་བཀའ་ཁྲིད་གནང་། གཉན་ས་ཉིན་དགུའི་ལག་ཁྲིད་དང་། འཕོ་བ་ཞག་བདུན་སྦྱང་བ་སྔོན་དུ་སོང་བའི་སྒོ་ནས་སྣང་སྦྱང་དང་ཐོད་རྒལ་ཟླ་དྲུག་མ་སོགས། མདོར་ན་ཁྲོས་མའི་ཆོས་སྐོར་ཆ་ཚང་བ་འོམ་ལྷོ་རོང་དང་། སྤུ་ཧྲེང་མདོ་རིང་ཁུང་སོགས་སུ་ཉུང་མཐར་ཐེངས་ལྔ་དྲུག་བར་བཀའ་དྲིན་བསྐྱངས་སྐབས་ཕྲན་གྱིས་ཀྱང་མགོན་པོ་གང་ལས་དབང་ལུང་གི་བཀའ་དྲིན་ནོད། ཁོང་ནི་ནམ་ཁྱུང་གི་བསྟན་པ་ལ་བྱས་རྗེས་ལྡན་པའི་བཀའ་དྲིན་ཤིན་ཏུ་ནས་ཆེ་བ་ཞིག་ལགས། དེ་བཞིན་དུ་སྣང་བ་ཀུན་ནེ་དང་སྐར་མ་རོང་གི་གཏེར་ཡུལ་དུ་པདྨ་བདུད་འདུལ་ཆོས་འཁོར་གླིང་དགོན་དང་། སུར་ཁེད་དུ་པདྨ་གསང་སྔགས་ཆོས་གླིང་དགོན་སོགས་དགོན་ཁག་ཁ་ཤས་ཕྱག་བཏབ་པར་མཛད། ད་ལྟའི་ནམ་མཁའ་ཁྱུང་རྫོང་གི་མ་དགོན་འདི་ཡང་ཡབ་དམ་པ་བདེ་རྒྱལ་རིན་པོ་ཆེའི་དགོངས་བཞེད་དང་། ཁྱད་པར་དུ་ཨ་ཁུ་ཚེ་དབང་རིན་པོ་ཆེའི་ཐོག་མའི་དབུ་འདྲེན་ལ་བརྟེན་ནས་གསར་འཛུག་བྱས་ཤིང་། ཕྱིས་སུ་སྐུ་ཚེ་སྨད་ལ་བསྟན་པ་སེམས་ཅན་སྤྱི་དང་། ཁྱད་པར་ནམ་མཁའ་ཁྱུང་རྫོང་གི་བསྟན་པ་ཁོ་ན་ཐུགས་ལ་བཅག་ནས་བོད་དུ་ཕྱིར་ལོགས་ཕེབས་ནས་དེར་བཞུགས། ནམ་ཁྱུང་དགོན་ལ་རེ་ཞིང་ལྟོས་པའི་སློབ་མ་བརྒྱ་ཕྲག་མང་པོ་དང་སྦྱིན་བདག་རྣམས་ལ་ཆོས་དང་འཇིག་རྟེན་གྱི་སྒོ་དུ་མས་བཀའ་དྲིན་བླ་མེད་དུ་ཆེ། མཐར་གངས་ཏི་སེའི་ཉེ་འདབས་གུ་རུའི་སྒྲུབ་གནས་བྱིའུ་དགོན་དུ་སྐུ་ཞི་བར་གཤེགས་པའི་ཚུལ་སྟོན་སྐབས། གྲུབ་པའི་ས་མཐོར་གཤེགས་པའི་མཚོན་རྟགས་སུ་ཐུགས་དམ་ལ་བཞུགས། སྤུར་སྦྱངས་སྐབས་འཇའ་ཚོན་གྱི་གུར་ཕུབ་པ་སོགས་ངོ་མཚར་བའི་མཛད་པས་སློབ་འབངས་རྣམས་ཀྱི་རྒྱུད་ལ་དད་པའི་ས་བོན་བསྐྲུན། མདོར་ན་ད་ལྟའི་ནམ་མཁའ་ཁྱུང་རྫོང་གི་ཆོས་སྒོར་གཏོགས་པ་ཐམས་ཅད་ཚེ་དབང་རིན་པོ་ཆེ་དང་བདེ་རྒྱལ་རིན་པོ་ཆེ་པདྨ་ཆོས་དབྱིངས་རང་གྲོལ་སྐུ་མཆེད་གཉིས་ཀྱི་སློབ་མར་མ་གྱུར་པ་གཅིག་ཀྱང་མེད། དམན་པ་བདག་གིས་ཀྱང་ཁོང་སྐུ་མཆེད་གཉིས་ལས་ནམ་ཁྱུང་དགོན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ལུང་མན་ངག་ ཐ་དག་གི་བཀའ་དྲིན་མནོས་པ་ཡིན་ནོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept