Cymbals to Invoke a Compassionate Response—Tibetan

Long Life Prayers | Tibetan MastersSakya Trichen | Tibetan MastersKhandro Tsering Chödrön

English | Español | Français | བོད་ཡིག

Sakya Trichen

Khandro Tsering Chödrön

Further Information:

༄༅། །མྱུར་འབྱོན་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་སིལ་སྙན་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་སོགས། །

སྐྱབས་གནས་རབ་འབྱམས་རྒྱ་མཚོའི་ཚོགས་རྣམས་ལ། །

གཡོ་མེད་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །

སྨོན་པའི་དོན་འདི་ཡིད་བཞིན་འགྲུབ་པར་མཛོད། །

སྣང་སྟོང་དབྱེར་མེད་ཡེ་ཤེས་མཁ༵འ་འ༵གྲོའི་གཟུགས། །

གང་ཚེ༵་རིང༵་ནས་འཁོར་ལོའི་མགོན་པོ་དང་། །

གཉིས་མེད་ལྷན་སྐྱེས་གར་གྱི་རོལ་མཛད་པའི། །

རྗེ་བཙུན་ཆོས༵་ཀྱི་སྒྲོན༵་མེར་གསོལ་བ་འདེབས། །

ཉམས་དང་རྟོགས་པའི་འོད་དཀར་དྲ་བའི་དཔྱིད། །

ཟབ་ཡངས་ཐུགས་ཀྱི་མཁའ་ལ་བལྟམས་པ་ན། །

གནས་གསུམ་མཁའ་འགྲོའི་རྒྱུ་སྐར་བཀྲ་བའི་དབུས། །

མངོན་པར་མཐོ་ཞིང་བཞུགས་ལ་གསོལ་བ་འདེབས། །

དགེ་ལེགས་ཆུ་ཤེལ་ཁམས་ཆེན་ལས་བསྐྲུན་པའི། །

ཁྱེད་སྐུ་ཉ་གང་ཟླ་བའི་དཀྱིལ་འཁོར་ཆེ། །

ལྔ་བདོའི་སྨག་གིས་དགེ་སྣང་བསྒྲིབ་བའི་དུས། །

གློ་བུར་ཆུ་ལྷར་ཞུད་འདི་ཅི་ཡི་ཚུལ། །

དེ་ཕྱིར་ཌཱཀིའི་མཚན་ལྟས་འོད་ཞགས་ཀྱིས། །

འཁྱུད་པའི་ཡང་སྲིད་ཉི་གཞོན་དབང་མོ་གང་། །

བསྟན་འགྲོ་ཤར་རིའི་ཕྲག་པར་མྱུར་འབྱོན་ནས། །

དགེ་ལེགས་པདྨོའི་འདབ་སྟོང་གྲོལ་གྱུར་ཅིག །

ཅེས་པ་འདི་ཡང་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་གི་གསང་ཡུམ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས། རིག་པ་ཆོས་ཚོགས་ནས་བསྐུལ་མ་མཛད་པ་བཞིན་འཁོན་རིགས་ས་སྐྱ་ཁྲི་འཛིན་ངག་དབང་ཀུན་དགས་དྭངས་བའི་བློས་ཆེད་དུ་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

• Download this text: EPUB MOBI PDF