བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དཔལ་རྡོ་རྗེ་སེམས་དཔའ་ལ་བསྟོད་པ།

English | བོད་ཡིག

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་བསྟོད་པ། 

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། 

གངས་ཀྱི་རི་བོ་ལྟ་བུར་རབ་དཀར་སྐུ། །
ཕུན་སུམ་ཚོགས་པ་ཆོས་སུ་སྒྲོགས་པའི་གསུངས། །
ཟབ་ཡངས་མཁྱེན་གཉིས་རང་བཞིན་ནམ་མཁའི་ཐུགས། །
བཅོམ་ལྡན་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ལོ། །

བསྐལ་པར་བསགས་པའི་ལས་ངན་སྒྲིབ་པའང་། །
གང་མཚན་སྐད་ཅིག་དྲན་པས་འཇོམས་མཛད་པ། །
མགོན་པོ་ཁྱོད་འདྲ་གཞན་ན་མ་མཆིས་པས། །
ཡང་ནས་ཡང་དུ་དད་པས་ཕྱག་འཚལ་ལོ། །

རིགས་བརྒྱ་རིགས་ལྔ་རིགས་གསུམ་དཀྱིལ་འཁོར་ལྷ། །
རིགས་བདག་དྲུག་པ་ཁྱེད་ལས་གཞན་མེད་དོ། །
གསང་མཛོད་བཀའ་རྣམས་བསྡུ་མཛད་དེ་ཡང་ཁྱེད། །
རྒྱལ་ཀུན་ཡོངས་འདུས་ཁྱེད་ལ་ཕྱག་འཚལ་ལོ། །

ཆ་ཡིས་ཡོངས་གང་བཟླ་བའི་དཀྱིལ་འཁོར་དང་། །
ཉེས་པའི་སྐྱོན་སྤངས་པད་དཀར་འདབ་བརྒྱད་ལ། །
སྲིད་ཞིར་མི་གནས་རྫོགས་པའི་སྐྱིལ་ཀྲུངཅན། །
ནོར་བུའི་ཞབས་གདུབ་འཛིན་ལ་ཕྱག་འཚལ་ལོ། །

སྣ་ཚོགས་དར་གོས་དབང་པོའི་གཞུ་བཞིན་མཛེས། །
རིན་ཆེན་རྒྱན་མང་དོ་ཤལ་འཕྱང་འཕྲུལ་གཡོ། །
སྣང་སྟོང་དབྱེར་མེད་རྡོར་དྲིལ་ཕྱག་རྒྱ་ཅན། །
རིགས་ལྔའི་དབང་བསྐུར་རྫོགས་ལ་ཕྱག་འཚལ་ལོ། །

བདེ་ཆེན་ཡེ་ཤེས་ཁ་སྦྱོར་ཐིག་ལེའི་སྐུ། །
དགྱེས་སྤྲིན་བདུད་རྩི་ཨ་བྷིཤིཉྩའི་ཆུས། །
རྣམ་དག་དབང་ལྔའི་བདུད་རྩི་སྦྱིན་མཛད་པ། །
གཉིས་མེད་སྙེ་བར་རོལ་ལ་ཕྱག་འཚལ་ལོ། །

རིག་པའི་རང་བཞིན་སྙིང་པོ་སྔགས་ཀྱི་གནད། །
འོག་མིན་གནས་སུ་གང་གིས་བཀའ་སྩལ་ཞིང་། །
བཟླས་དང་དྲན་པས་ཉམ་ཆགས་ཀུན་སྦྱོངས་པའི། །
ཡང་སྙིང་ཡི་གེ་བརྒྱ་ལ་ཕྱག་འཚལ་ལོ། །

མཚན་ནས་འབོད་དང་ཐུགས་དམ་གནད་བསྐུལ་བ། །
རིགས་ལྔའི་རང་བཞིན་སྙིང་པོ་ཡང་སྙིང་སྟེ། །
རྒྱུ་རྐྱེན་བཟླས་དང་སྔགས་གསུམ་ཡོངས་སུ་རྫོགས། །
མདོར་བསྡུས་ཡི་གེ་དྲུག་ལ་ཕྱག་འཚལ་ལོ། །

གདུལ་དཀའ་མ་རུང་ཡོངས་སུ་འཇོམས་པ་དང་། །
མཆོག་གི་དངོས་གྲུབ་མཆོག་ཏུ་སྦྱིན་མཛད་ལྷ། །
གར་དགུའི་རྣམ་རོལ་མགོན་པོ་རྡོ་རྗེ་སེམས། །
ཧེ་རུ་ཀ་དཔལ་ཉིད་ལ་ཕྱག་འཚལ་ལོ། །

གསང་བའི་མཛོད་འཛིན་ས་བཅུའི་དབང་ཕྱུག་ཚུལ། །
རྡོ་རྗེ་གཏུམ་པོ་བགེགས་ཀྱི་དགྲ་གཅིག་པུར། །
རིགས་ལྔའི་རང་བཞིན་མཁའ་ལྡིང་འཕྲོ་འདུ་ཅན། །
གཏི་མུག་ཀླུ་གཤེད་ཁྱོད་ལ་ཕྱག་འཚལ་ལོ། །

ལྷ་ཡི་ལྷ་མཆོག་བཅོམ་ལྡན་རྡོ་རྗེ་སེམས། །
སྐྱབས་ཀྱི་མཆོག་ཏུ་མགོན་པོ་ཁྱེད་བཟུང་ནས། །
ཡང་ནས་ཡང་དུ་སྐུ་གསུང་ཐུགས་དྲན་ན། །
བྱིན་གྱིས་རློབས་ཤིག་སེམས་དཔའ་རྡོ་རྗེ་ཆོས། །
ཨོཾ་བཛྲ་ས་ཏྭ་ཧཱུྂ། 

དཔལ་སྤྲུལ་པས་སོ། །དགེའོ།། དགེའོ།། དགེའོ།།

དཔལ་སྤྲུལ་རིན་པོ་ཆེ།

རྡོ་རྗེ་སེམས་དཔའ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept