Quotations from Sublime Continuum—Tibetan
༄༅། །རྒྱུད་བླ་མ་ལས་གསུང་བཏུས།
དམ་པའི་དོན་དུ་འགྲོ་བ་ཡི། །
སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །
ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །
ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །
རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །
དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །
རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །
རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །
མ་དག་མ་དག་དག་པ་དང༌། །
ཤིན་ཏུ་རྣམ་དག་གོ་རིམ་བཞིན། །
སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །
དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །
རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །
གློ་བུར་དག་གིས་ཁམས་སྟོང་གི །
རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །
བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །
འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །
མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །
ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །
བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །
སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །
ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །
སེར་སྣ་ལ་སོགས་རྣམ་རྟོག་གང༌། །
དེ་ནི་ཉོན་མོངས་སྒྲིབ་པར་འདོད། །
འཁོར་གསུམ་རྣམ་པར་རྟོག་པ་གང༌། །
དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །
གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །
དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །
ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །
དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ལེན། །