Eight Difficulties Song—Tibetan

Literary Genres › Songs and Poems | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ནཱ་རོ་པ། | བོད་ཀྱི་བླ་མ།མར་པ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

ནཱ་རོ་པ།

ནཱ་རོ་པ།

Further information:
Download this text:

༄༅། །དཀའ་བ་མཆོག་བརྒྱད་ཀྱི་མགུར།

ཡང་ནཱ་རོ་པས་མགུར་བཞེངས་པ།

མི་ཁོམ་བརྒྱད་པོ་ཀུན་སྤངས་ནས། །
དལ་འབྱོར་མི་ལུས་ཐོབ་པར་དཀའ། །

འཁོར་བའི་ཆོས་ལ་ཡིད་སྐྱོ་བའི། །
མྱ་ངན་འདས་པ་སྒྲུབ་པར་དཀའ། །

ན་བ་ཚ་བ་ཀུན་སྤངས་ནས། །
བཀོལ་དུ་བཏུབ་པའི་ལུས་ཀྱང་དཀའ། །

རྒྱུད་དང་མན་ངག་གཉིས་ལྡན་པའི། །
སྙིང་རྗེ་ཅན་གྱི་སློབ་དཔོན་དཀའ། །

དད་པ་སྐྱོ་ངལ་མེད་པ་ཡི། །
རི་ཁྲོད་འགྲིམ་པའི་སློབ་མ་དཀའ། །

འཇིགས་དང་དོགས་པ་རྣམས་སྤངས་པའི། །
ཕུན་སུམ་ཚོགས་པའི་དགོན་པ་དཀའ། །

ལྟ་སྤྱོད་ཟུང་དུ་འཇུག་པ་ཡི། །
བསམ་པ་མཐུན་པའི་ཆོས་གྲོགས་དཀའ། །

དེ་བདུན་འཛོམས་པར་གྱུར་ཀྱང་ནི། །
རྩེ་གཅིག་གི་བསམ་གཏན་བསྒོམ་པར་དཀའ། །

ཞེས་དཀའ་བ་མཆོག་བརྒྱད་ཀྱི་མགུར་ནཱ་རོ་པའི་གདུགས་ཀྱི་ཡུ་བ་ལ་བྲིས་ནས་འདུག་གསུངས།

འཁོར་ལོའི་སྒྱུར་རྒྱལ་དཔུང་གི་ཚོགས། །
གླིང་རྣམས་ཀུན་ལ་དབང་བྱེད་བཞིན། །
ལྷན་ཅིག་སྐྱེས་པའི་རོ་རྙེད་ན། །
འཁོར་བ་དབང་སྒྱུར་བདེ་བ་ཆེ། །

གསེར་འགྱུར་རྩི་ཡི་རྣམ་པ་ཡིས། །
ལྕགས་རྣམས་གསེར་དུ་འགྱུར་བ་ལྟར། །
རིན་ཆེན་དབང་གི་ནུས་པ་ཡིས། །
ཉོན་མོངས་གཉིས་མེད་ཡེ་ཤེས་འགྱུར། །

ཞེས་ཚོགས་འཁོར་གྱི་དུས་སུ་ནཱ་རོ་པས་གསུངས་སོ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept