རིག་འཛིན་ཀུ་མ་རཱ་ཛའི་འདས་རྗེས།
༄༅། །རིག་འཛིན་ཀུ་མ་རཱ་ཛའི་འདས་རྗེས།
བླ་མ་དམ་པ་ཀུ་མ་རཱ་ཛ་དེ་ཉིད། དྭགས་པོ་དང་ལུང་གི་ཕུར་སྐུ་འདས་བའི་ཚུལ་བསྟན་པའི་ཚེ། ཕྱི་རབས་ཀྱི་དོན་དུ་འདས་རྗེས་གསུངས་པ། ཡི་གེར་བཏབ་པ་ནི།
ཨོཾ་ཨཱཿཧཱུྃ སྤྲང་པོ་བྱ་བྲལ་གཞོན་ནུ་རྒྱལ་པོས་གདམས་པ་ནི། །
ཨེ་མ་ངས་ནི་ངོ་བོ་སྐྱོང་འདེད་རང་རིག་རྩ་གདར་བཅད། །
དམིགས་མེད་སྤྲོས་བྲལ་མཐའ་དང་བྲལ་བར་རྟོགས། །
ཆོས་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །
རང་བཞིན་དབྱིངས་ལ་ལྟ་སྟངས་རིག་པ་གཅུན། །
ཞི་ཁྲོའི་དཀྱིལ་འཁོར་ཐིག་ལེ་ཉག་གཅིག་རྟོགས། །
ལོངས་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །
ཐུགས་རྗེས་སེམས་ཅན་གཞན་ཕན་གཙོ་བོར་བྱས། །
ཤར་གྲོལ་རིག་པ་ཆོས་ཉིད་མ་དང་འཕྲད། །
སྤྲུལ་སྐུའི་ངང་དུ་ཀུ་མ་རཱ་ཛ་འཆི། །
ཡེ་ཐོག་དང་པོའི་སངས་རྒྱས་དྲི་མ་མེད། །
གཞིར་སྣང་རང་གདངས་དང་པོའི་བྱུང་སར་ཐིམ། །
ལྷུན་གྲུབ་སྦུབས་སུ་ཀུ་མ་རཱ་ཛ་འཆི། །
ང་ཡི་ཟབ་དོན་སྙིང་པོའི་གདམས་པ་རྣམས། །
བཅུད་དུ་དྲིལ་ནས་ཉམས་ལེན་སྙིང་པོ་བསྟན། །
བདག་གི་རྗེས་འཇུག་སྐལ་ལྡན་སྙིང་གི་བུ། །
ཇི་ལྟར་བསྒྲུབས་ཀྱང་ཆོས་དང་མཐུན་པར་མཛོད། །
ང་ཡི་གཏམ་གཞུག་འགྲོ་ཁའི་ཚིག་འདི་རྣམས། །
ཕྱི་རབས་དོན་དུ་སྙིང་ནས་མོས་ལ་སྟོན། །
ཏིག་ཏིག་གང་ལ་ཡང་མི་འདུག །
ལར་སྣང་བ་འདི་གཏད་པ་མེད་པ་གཅིག་ཡིན།
སྐྱག་པ་ངས་དྲིན་ཅན་རིན་པོ་ཆེ། ཕཊ་ཕཊ། ཧ་ཧ་ཕཊ།
ཅེས་གསུངས་ནས་ཐུགས་འཕོ་བའི་ཚུལ་བསྟན་ཏེ། ས་ཆེན་པོ་འདི་རབ་ཏུ་གཡོས། ནམ་མཁའ་ལ་སིལ་སྙན་གྱི་སྒྲ་རང་གྲགས། འཇའ་ཚོན་གྱི་གུར་ཕུབ་སྟེ་འགྲོ་བ་རྣམས་ངོ་མཚར་གྱི་ས་ལ་བཀོད། །ཨྠི།
