བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཟབ་མོ་བཅུད་བསྡུས།

English | Español | བོད་ཡིག

༄༅། །ཟབ་མོ་བཅུད་བསྡུས་བཞུགས་སོ། །

ཟབ་མོ་བཅུད་བསྡུས་ཞེས་བྱ་བ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །

གདོད་ནས་རང་བྱུང་སུས་ཀྱང་འདུས་མ་བྱས། །
འཁོར་འདས་ཀུན་འབྱུང་རིག་པ་བྱང་ཆུབ་སེམས། །
རང་བྱུང་ཡེ་ཤེས་རྫོགས་པ་ཆེན་པོ་ལ། །
དུས་གསུམ་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །

ཐེག་པའི་མཐར་ཐུག་རྡོ་རྗེ་སྙིང་པོའི་ལུང༌། །
གང་ཡང་མ་སྤངས་ཀུན་ལས་འདས་པའི་དོན། །
ཟབ་ཡངས་ངོ་མཚར་རྨད་དུ་བྱུང་བའི་དོན། །
ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །

གདོད་མའི་ངང་ནི་བརྗོད་འདས་གཞི་རྩ་བྲལ། །
སྤང་བླང་རྩོལ་སྒྲུབ་རེ་དོགས་ཕྱོགས་རིས་མེད། །
མི་འགྱུར་ལྷུན་གྲུབ་ཆོས་སྐུ་བྱང་ཆུབ་ཀློང༌། །
ཀུན་བཟང་ཡངས་པ་ཆེན་པོའི་རང་བཞིན་ནོ། །

གནས་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ། །
རང་བཞག་བདེ་བ་ཆེན་པོར་ལྷུན་གྲུབ་པས། །
བཅས་བཅོས་མ་བྱེད་ཇི་བཞིན་ལྷུག་པར་ཞོག །
རེ་དང་དོགས་མེད་གདོད་མའི་གཞི་དབྱིངས་ལགས། །

སྒོམ་དུ་མེད་དོ་རྣམ་ཀུན་སྟོང་པའི་གཟུགས། །
གང་ཤར་རྒྱལ་པོ་ལྷུན་རྫོགས་ངང་ལ་རོལ། །
ཅོག་བཞག་རང་གྲོལ་འབད་མེད་གང་དགའི་ཡུལ། །
ཤར་གྲོལ་རིས་མེད་ཆོས་སྐུར་ཕྱམ་གདལ་ལོ། །

ཡེ་ནས་གཉིས་མེད་རང་བྱུང་ཡེ་ཤེས་ལ། །
དམིགས་འཛིན་ཞེན་པའི་བསམ་གཏན་ཅི་ཞིག་བྱ། །
གང་བབས་རང་སྟོང་ཟང་ཀ་རྗེན་པ་ཉིད། །
ཆུ་བོའི་གཞུང་བཞིན་རྟག་ཏུ་འདུ་འབྲལ་མེད། །

འདི་ཉིད་ལྷུན་གྲུབ་རྒྱལ་པོའི་དགོངས་པ་སྟེ། །
རང་བཞིན་གཞི་ཡི་བསམ་གཏན་ངོས་ཟིན་པས། །
སྒོམ་མེད་ངང་དྭངས་འབྲལ་མེད་ཆེན་པོར་གནས། །
ཐུན་མཚམས་རིས་མེད་རྫོགས་པ་ཆེན་པོར་གྲུབ། །

ཀ་དག་ཆོས་ཟད་ཡིད་ལ་བྱར་མེད་པས། །
ཕྱལ་པ་བར་མེད་སྣང་བ་བདེ་ཡངས་པ། །
ཐམས་ཅད་ཕྱམ་ཕྱམ་ནམ་མཁའ་ཡངས་པ་བཞིན། །
ཆོས་ཟད་ངང་ན་བློ་ཟད་ཉམས་རེ་དགའ། །

ཕྱི་རོལ་དངོས་ཀུན་སྒྱུ་མ་རྨི་ལམ་དང༌། །
ཆུ་ཟླ་མིག་ཡོར་དྲི་ཟའི་གྲོང་ཁྱེར་བཞིན། །
མེད་པ་གསལ་སྣང་སྟོང་པའི་རང་གཟུགས་སུ། །
དེ་རིང་ཉིད་ནས་མཐོང་བས་བློ་བདེ་འོ། །

ནང་གི་རིག་པ་སྟོང་གསལ་ཆོས་ཀྱི་སྐུ། །
ཟང་ཐལ་ཕྱལ་པ་བར་སྣང་དག་པ་བཞིན། །
འགྱུ་བ་དངོས་མེད་རང་ཡལ་རྗེས་མེད་པས། །
སྤང་གཉེན་རང་གྲོལ་ཆོས་ཟད་མཚར་རེ་ཆེ། །

གནས་ལུགས་མཐོང་ལ་གཞི་རྩ་དངོས་པོ་མེད། །
ཆོས་ཉིད་མཐོང་ལ་སྒོམ་པ་རྡུལ་ཙམ་མེད། །
སྙེམས་དང་བྲལ་ལ་སྤྱོད་པ་གཟའ་གཏད་མེད། །
རེ་དོགས་བྲལ་ལ་འབྲས་བུ་བསྒྲུབ་བྱ་མེད། །

དེ་ཉིད་ཤེས་ན་རྣལ་འབྱོར་མཁས་པ་ཡིན། །
དགེ་བ་དེ་ཡིས་འགྲོ་ཀུན་གྲོལ་བར་ཤོག །

ཟབ་མོ་བཅུད་བསྡུས་ཞེས་བྱ་བ། །ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ།། །།དགེའོ། དགེའོ། དགེའོ།། །།

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept