བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ངེས་དོན་སྙིང་པོ།

English | བོད་ཡིག

༄༅། །ངེས་དོན་སྙིང་པོ་བཞུགས་སོ། །

ངེས་དོན་སྙིང་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་རིག་པ་བྱང་ཆུབ་སེམས། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །ཕྱོགས་དང་རིས་མེད་གཞི་རྩ་བྲལ་བ་ལ། །གཏང་གཞག་འགྲོ་འོང་མེད་པས་ཕྱག་འཚལ་ལོ། །གང་གིས་མ་བསླད་རྟོག་མེད་ཟང་ཀ་མ། །ཡེ་བབས་རང་སྟོང་རྫོགས་པ་ཆེན་པོའི་གནད། །རིག་པའི་རང་གྲོལ་གཤིས་ཀྱི་འདུག་ཚུལ་ཡིན། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཡེ་ནས་རྣམ་དག་རང་བྱུང་ཡེ་ཤེས་ནི། །ཡོད་མེད་འདས་པས་འདི་ཞེས་མཚོན་དུ་མེད། །ཕྱོགས་རིས་འདས་པས་སྤྲོས་བརྗོད་བསམ་དུ་མེད། །དམིགས་ལས་འདས་པས་སྒོམ་དང་མི་སྒོམ་མེད། །བླང་དོར་འདས་པས་བཟང་ངན་བྱ་རྩོལ་མེད། །ཡེ་སངས་ཡེ་རྒྱས་རྫོགས་པ་ཆེན་པོའི་ངང༌། །གང་ཡང་མ་སྤངས་ཀུན་ལས་འདས་པ་ཡིན། །ཇི་ལྟར་ནམ་མཁའ་ཡངས་པའི་དཀྱིལ་རུམ་ན། །སྣང་སྲིད་སྣོད་བཅུད་རོལ་པ་ཅི་སྣང་ཡང༌། །མཁའ་ལས་མ་གཡོས་ངང་ནས་གསལ་བ་བཞིན། །རིག་པའི་ངང་ནས་འཁོར་འདས་ཆོས་ཀུན་གསལ། །གཞི་བཞག་ཡེ་གཞག་ཅོག་བཞག་རྒྱས་ཐེབས་ན། །བྱར་མེད་ལྷུན་རྫོགས་ཆོས་སྐུའི་རང་སར་གནས། །གར་ཡང་མི་བསམ་ཅི་ཡང་མི་འཛིན་ན། །ངང་ཡིན་ཡེ་ཡིན་རྫོགས་པ་ཆེན་པོ་ཡིན། །ཆོས་ཟད་ཀ་དག་ཐོག་མའི་དགོངས་པ་ཡིན། །སྟོང་གསལ་ངང་དེར་གཡོ་མེད་ལྷུན་གྱིས་ཞོག །རང་ལས་རང་ཤར་ཐུགས་རྗེའི་རིག་རྩལ་ནི། །ཤར་བ་རང་གྲོལ་ཆོས་སྐུ་ཟང་ཀ་ཉིད། །རྗེས་མེད་རང་ཡལ་ཆོས་ཟད་རྗེན་པར་སངས། །གདོད་མའི་གཞི་ལ་རང་ཤར་རང་གྲོལ་ཡིན། །དེ་ལྟར་མཐོང་ནས་ཆེད་དུ་སྒོམ་མི་དགོས། །མ་བསྒོམས་ལྷུན་གྲུབ་སྒོམ་པའི་རྒྱལ་པོ་ལ། །འདུ་འབྲལ་མེད་པས་ཆོས་སྐུ་རང་མལ་རྙེད། །རྟོག་དང་མི་རྟོག་མཉམ་པའི་དགོངས་པར་ཕྱིན། །གང་ཡིན་ཡིན་གྱིས་བཅོས་བསླད་མ་བྱེད་ཅིག །འདི་ཡིན་མེད་ཀྱིས་ཕྱོགས་རིས་མ་འཛིན་ཅིག །གཟའ་གཏད་མེད་ཀྱིས་དགག་སྒྲུབ་མ་བྱེད་ཅིག །གང་ཡང་དམིགས་གཏད་མེད་པའི་རིག་པ་ལ། །ཕྱི་ནང་རྐྱེན་གྱིས་རྣམ་པ་ཅི་ཤར་ཡང༌། །མ་སྤངས་མ་བསྒྱུར་མ་འཛིན་གང་བདེར་ཞོག །གཞི་ལ་རང་སངས་ཆོས་སྐུའི་དགོངས་པར་འཆར། །འདི་ཉིད་གསང་ཆེན་ངེས་པའི་མན་ངག་ཡིན། །དགེ་བས་འགྲོ་ཀུན་མ་སྤངས་ཡོངས་གྲོལ་ཤོག །ངེས་དོན་སྙིང་པོ་ཞེས་བྱ་བ། རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ།། །།

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept