Mindfulness: The Mirror of the Mind—Tibetan

Literary Genres › Songs and Poems | Practices › Mindfulness | བོད་ཀྱི་བླ་མ།སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

English | བོད་ཡིག

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

Further information:
Download this text:

༄༅། །དྲན་པ་སེམས་ཀྱི་མེ་ལོང་བཞུགས། །

རང་བྱུང་དྲན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
ང་ནི་དྲན་པའི་མེ་ལོང་ཡིན། །
བག་ཡོད་དྲན་པ་གསལ་བར་སྟོན། །
གཟིགས་ཤིགས་རྡོ་རྗེའི་མཆེད་གྲོགས་རྣམས། །
ང་ཉིད་མཐོང་ཚེ་དྲན་པ་བརྟེན། །
བླ་མ་གུ་རུ་དབྱེར་མེད་པར། །
དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། །
མ་ཡེངས་སེམས་ཀྱི་ངོ་བོར་ལྟོས། །
དྲན་པ་ཆོས་ཀྱི་རྩ་བ་ཡིན། །
དྲན་པ་ལམ་གྱི་དངོས་གཞི་ཡིན། །
དྲན་པ་སེམས་ཀྱི་རྟེན་མཁར་ཡིན། །
དྲན་པ་རང་རིག་ཡེ་ཤེས་གྲོགས། །
དྲན་པ་ཕྱག་རྫོགས་དབུ་གསུམ་རྟེན། །
དྲན་པ་མེད་པ་བདུད་ཀྱིས་བཅོམ། །
དྲན་པ་མེད་པ་ལེ་ལོས་གཡེང་། །
དྲན་པ་མེད་པས་ཉེས་ཀུན་བྱེད། །
དྲན་པ་མེད་པས་དོན་མི་འགྲུབ། །
དྲན་མེད་སྐྱག་པའི་ཕུང་པོ་འདྲ། །
དྲན་མེད་གྲོག་སྐམ་ཉ་རྒྱ་འདྲ། །
དྲན་མེད་སྙིང་མེད་རོ་དང་འདྲ། །
གྲོགས་དག་དྲན་པ་བརྟེན་པར་ཞུ། །
རྗེ་བཙུན་བླ་མའི་ཐུགས་བསྐྱེད་ཀྱིས། །
དྲན་པ་རང་ངོ་ཤེས་པར་ཤོག །
དེ་སྐད་དྲན་པའི་བསྙེལ་གསོལ་འདི། །
ཆོས་ཀྱི་སྤྱན་ལྡན་གྲོགས་རྣམས་ལ། །
བན་ངན་འཇམ་དབྱངས་རྡོ་རྗེ་ཞེས། །
བ་གླང་ཡ་སོ་ཅན་དེས་ཕུལ། །
སརྦ་མངྒ་ལཾ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept