Thirteenth Dalai Lama’s Testament—Tibetan

Literary Genres › Testament | Literary Genres › Prophecy | བོད་ཀྱི་བླ་མ།ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོ།

English | བོད་ཡིག

ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོ།

Thirteenth Dalai Lama in 1932

Further information:
Download this text:

༄༅། །༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་བཀའ་ཆེམས།

ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུག་འདོན་མ་དགོས་པར་ལུང་བརྟག་དོན་གསལ། སྲིད་ཞིའི་འདྲེན་མཆོག་༧རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱི་གདན་ཁྲིར་འཁོད་ནས་བཟུང་བར་སྐབས་སྔོན་བྱོན་མཛད་ལམ་གཞིར་བཟུང་༧རྒྱལ་ཚབ་ཡོངས་འཛིན་རྟ་ཚག་ཧོ་ཐོག་ཐུ་དང་། མཁན་ཆེན་ཡོངས་འཛིན་རྡོ་རྗེ་འཆང་ཕུར་ལྕོག་རིན་པོ་ཆེས་དབུས་བཤེས་གཉེན་དམ་པ་གཙུག་བསྟེན་ཆོས་སྤྱོད་ཀྱི་མཚོན་འདོན་ཁ་ཁྲལ་བློ་འཛིན་སྐྱོར་སྦྱངས། རབ་བྱུང་དང་། དགེ་ཚུལ་སྡོམ་ནོད། གཞུང་ཆེན་བཀའ་པོད་ལྔར་བརྒལ་བཏགས་རྩོད་གྲྭ། མདོ་རྒྱུད་རྒྱ་མཚོའི་རྗེས་གནང་། དབང་བཀའ། ཁྲིད་སོགས་རང་གི་བློ་ཚོད་དང་བསྟུན་པའི་ཉིན་ལྟར་ཆག་མེད་དུ་བརྩོན་སྦྱངས་གང་འཚམས་བསྐྱེད་ཁུལ་ཡང་རང་ལོ་བཅོ་བརྒྱད་ལ་བབས་མཚམས་སྔར་སྲོལ་ལ་བསྙད་པའི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁུར་ཐོག་ཏུ་བབས་པ་ན་རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང་ལྷ་སྡེ་མི་སྡེས་སྤྱི་ཞུས་དང་། གནམ་བསྐོས་༧གོང་མ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོད་པས་ཁུར་དུ་བླངས་ཏེ་རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་རུང་། ཤིང་འབྲུག་ལོར་དབྱིན་ཅི་དཔུང་དམག་ལྷགས་འབྱོར་སྐབས་ཀྱང་རང་ཉིད་སྐྱིད་ཐབས་ངོ་སྲུང་མཐུན་ལམ་བྱས་ཚེ་ཆབ་སྲིད་ལ་ཕྱག་སྐྱོན་ཆགས་ན་རྐང་རྗེས་ལག་བསྲུབ་གང་མིན་ཡོང་རྒྱུར་བསམ་སྔར་༧གོང་ས་ལྔ་པ་ཆེན་པོ་ནས་མཉྫུ་རྒྱལ་པོ་དང་མཆོད་ཡོན་བཀུར་རེས་འབྲེལ་ནས་བཟུང་ད་བར་ཕན་ཚུན་སྐྱོང་འོས་ལ་བརྟེན་འཕྲལ་ཕུག་བདེ་སྡུག་ལྷོངས་ངེས་ཞུ་བར་ངལ་བ་ཁྱད་གསད་ཀྱིས་བྱང་འགྲིམ་རྒྱ་སོགས་ཡུལ་གྲུ་བརྒྱུད་པི་ཅིན་གསེར་གྱི་རྒྱལ་ཁབ་ཆེན་པོར་༧གོང་མ་ཡུམ་སྲས་མཇལ་འཕྲད་བཀུར་བཟོས་བདག་རྒྱན་ཚང་མེད་པ་གནང་ཡང་། རིང་པོར་མ་ལོན་པར་༧གོང་མ་ཡུམ་སྲས་རིམ་གཤེགས་རྗེས་༧གོང་མ་ཤོན་ཐོང་ཁྲིར་འཁོད་ཡབ་སྲས་ལ་རྒྱུ་རྐྱེན་ལྷོངས་གསོལ་ཐོག་བོད་ལྗོངས་སྙིང་ལ་བཅང་སྟེ་ཕྱིར་འཁོད་སྐབས་བོད་སྡོད་ཨམ་བན་ན་གཡོ་ཞུས་རྗེས་འབྲང་ལུའུ་ཅུན་དཔོན་དམག་ལྟ་འབྱོར་བོད་ལྗོངས་ཆབ་སྲིད་ཀྱི་དབང་བྱུས་འཕྲོག་ཉེར་༧རྒྱལ་བློན་ཆབ་སྲིད་ཀྱི་དབང་ལུང་ཡོད་པ་རྣམས་རྒྱ་གར་འཕགས་ཡུལ་དུ་ངལ་བ་རིང་སྤངས་བདེ་འཁོད་ཀྱི་དབྱིན་གཞུང་བརྒྱུད་རྒྱ་གཞུང་ལ་གང་ཅིའི་རྒྱུ་རྐྱེན་མཐའ་འབུད་དང་། ཕྱོགས་གཅིག་ནས་བསྟན་སྲིད་བདེ་ཐབས་ཞབས་རིམ་ལྷོད་མེད་སྒྲུབ་པའི་ལས་འབྲས་མི་བསླུའི་བདེན་ནུས་ཟབ་མོས་རྒྱན་གནང་འཁྲུགས་དུས་འགྱུར་དབང་གིས་བོད་ཕྱོགས་རྒྱ་དབོན་དམག་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་རིམ་གྱིས་མཐར་བསྐྲད་ཐོག །རང་གི་སྐྱོང་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་སླར་འཁོད་དེ་ཆུ་གླང་ནས་བཟུང་ཆུ་སྤྲེལ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་གསར་དུ་བཞད་པས་མཆོག་དམན་ཚང་མ་ལ་དགའ་བདེར་ཅི་དགར་ལོངས་སྤྱོད་བག་ཕེབས་སུ་ཚིམ་པ་འདིས་མཚོན་ཕྲ་ཞིབ་ཡིག་ལམ་དང་། ལྷ་སྡེ། མི་སྡེ་མཆོག་དམན་ཀུན་གྱི་བློར་རྟོགས་གསལ་ལྟར་ཞིབ་ཆ་དགོད་རྒྱུ་ཡིག་ཚོགས་ཀྱི་རྒྱུར་བསམ་རགས་ཙམ་བཀོད་པ་འདི་དག་བཀའ་དྲིན་བསམ་ཤེས་འདོད་ཆུང་ཆོག་ཤེས་བསྟེན་དགོས་པའི་རྒྱུ་མཚན་ཐོག །རང་ཉིད་ནས་ཆབ་སྲིད་ལ་འཁུར་བསྐྱེད་ཀྱིས་ཕན་ཆ་བྱུང་སྲིད་ཡོད་ན་ཡིད་མཐུན་འདོད་པ་ཁེངས་ངེས་ལས། བྱས་ཡུས་དང་། ངོ་སོ་འབྱུང་རེའི་བསམ་པ་ཏིལ་འབྲུ་ཙམ་མེད་ཅིང་། ད་སྐབས་སུའང་ན་ཚོད་བབས་དང་བཅས་ཆོས་སྲིད་ཀྱི་ཁུར་སྤང་སྟེ་ཚེ་འཇུག་འདིར་དགེ་སྦྱོར་ཁོ་ནར་གཅིག་འགྲུས་ཚེ་ཕྱི་མ་ཤུལ་ཐག་རིང་བའི་རྣམ་དཀར་རྒྱབ་སྐྱོར་སྒྲུབ་རྒྱུ་ཉག་ཅིག་བློ་ཡུལ་དུ་འཆར་ཡང་། གཙོ་བོར་ལུས་དང་དྲི་བཞིན་འགྲོགས་པའི་ལྷ་སྲུང་དང་། སྐྱབས་ཡུལ་བླ་མ། ཆོས་དང་། ཟང་ཟིང་གི་འབྲེལ་བ་ཐོག་པའི་མཆོག་དམན་ཆབ་འབངས་ཀུན་ནས་ངོས་ལ་ཁ་ཙམ་མིན་པའི་སྙིང་ནས་རེ་བཅོལ་བགྱིས་པའི་སྤྱི་དོན་བློས་གཏོད་མ་ཕོད་པར་ད་ལྟའང་རང་གི་ཤེས་ནུས་ལྕོགས་ཚོད་འཁུར་བསྐྱེད་སྐབས་སུ་མཆིས་པ་ད་ཆ་བགྲང་བྱ་ང་བརྒྱད་དུ་ཉེ་བས་ལོ་ཤས་ལས་ཆོས་སྲིད་ཀྱི་འཁུར་རིང་པོར་རྔོ་མི་ཐོག་པ་ཚང་མས་ཤེས་ངེས་གོ་བས་ཆོད་པ་བཞིན་ད་ལྟ་ཁང་ཉེའི་རྒྱལ་ཁབ་རྒྱ་གར་གཞུང་དང་། རྒྱ་གཞུང་གཉིས་ཕྱོགས་སུ་དཔུང་སྟོབས་བཙན་པས་མཐུན་ལམ་གང་ཟབ། ཞེ་འཁོན་འཛིན་པའི་ས་མཚམས་ཆུང་ཁག་ལ་ཕ་རོལ་པའི་མགོ་གནོན་ཆེད་དཔུང་དམག་གོ་ཧྲག །དེའང་དམག་རྩེད་ཕུག་ཕེར་གཞན་སྡེ་ནོན་ངེས། ལྷག་པར་དེང་སྐབས་སྙིགས་ལྔའི་རང་མདངས་ཀུན་ནས་དར་ཞིང་། ཡང་སྒོས་དམར་པོའི་ལས་ལུགས་ཆེས་ཆེར་བདོ་བས་རྗེ་བཙུན་དམ་པའི་སྐྱེ་སྲིད་རྩད་གཅོད་མི་ཆོག་པ་དང་། ཆོས་བྱེད་དགོན་སྡེ་ཁག་གི་མཆོད་རྒྱུན་རྩ་འཕྲོག་གི་དགེ་འདུན་པ་དམག་མིར་བཅུག་པས་མཚོན་རྒྱལ་བསྟན་མིང་མེད་དུ་བཅོམ་པ་རྡ་ཁུ་རལ་གྱིས་ལས་ལུགས་ཇི་བྱུང་གོ་ཐོས་བྱུང་དང་། འབྱུང་མུས་ཀྱི་སྲོལ་ལྟར་འབྱུང་འགྱུར་དབུས་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་ཞིང་འདིར་ཡང་ཕྱི་ནང་གངས་ནས་ལྷགས་པར་ངེས་པས་དེ་སྐབས་རང་ས་བསྲུང་མ་ནུས་ན་༧རྒྱལ་བ་ཡབ་སྲས་ཀྱིས་མཚོན་བསྟན་འཛིན་སྐྱེས་འཕགས་མིང་མེད་དུ་བཅོམ་ཞིང་། བླ་བྲང་ཁག་དང་། བསྟན་འཛིན་ཆོས་བྱེད་དགེ་འདུན་གྱི་སྡེའི་འཛིན་དབང་མཆོད་རྒྱུན་དང་བཅས་པ་རྩ་བརླག །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཞེད་རྒྱུན་ཆབ་སྲིད་ཀྱང་མིང་ཙམ་དུ་ཉམ་དམས་ཐོག་འདི་གའི་ཞབས་འབྲིང་ཀུན་ཀྱང་ཕ་གཞིས་རྒྱུ་ནོར་རྩ་འཕྲོག་དགྲ་ཡའི་བྲན་དུ་དབང་མེད་འཁྱམས་ཤིང་། ཡིད་ཅན་ཀུན་ཀྱང་མནར་གཅོད་འཇིགས་སྐྲག་གི་དུཿཁ་ཉིན་མཚན་མི་འཁྱོལ་བའི་དུས་ཤིག་འབྱུང་ངེས་པས་བསྟན་སྲིད་ཀྱི་སྤྱི་དོན་ཕྱིན་ཅི་མ་ལོག་པ་ད་ལྟ་བདེ་སྐྱིད་ཆོས་དར་མི་སྨོན་རང་སྐྱིད་ལག་ཏུ་ཡོད་པའི་སྐབས་འདིར་སླད་ཞི་དྲག་གང་ལའང་ཐབས་ཤེས་ལུ་གུ་བརྒྱུད་གང་ཐད་ནས་མ་ལན་མ་འགྱོད་པས་ལག་ཏུ་བསྟར་ཐུབ་པའི་ཆབ་སྲིད་ཀྱི་བདེ་ཐབས་ཞབས་འབྲིང་སེར་སྐྱ་རྣམས་ཀྱིས་སྲི་ཞུར་རག་ལུས་ཤིང་། བོད་ལྗོངས་སྤྱིའི་བདེ་ཐབས་སེར་སྐྱ་མཆོག་དམན་དང་། ཆབ་འབངས་ཀུན་ནས་བསམ་གཞིག་མ་འཛོལ་བ་གཅིག་འགྲུས་འཕྱར་བ་གྲུ་འདེགས་དགོས་པ་ངེས་པར་ཁུར་དུ་བབས་པ་བཞིན་སྤང་བླང་འཛོལ་མེད་བྱུང་ན་གཞུང་བསྟེན་དགྲ་ལྷའི་གཙོ་བོ་ནས་སློབ་དཔོན་མཐོང་བ་དོན་ལྡན་གྱི་ཐུགས་བཞེད་དང་མཐུན་པའི་སྲི་ཞུ་བསྒྲུབ་ན་གང་ལའང་ཡ་ད་བག་ཙ་མེད་ཅེས་པ་མཐུན་ཕྱོགས་ཀྱི་དོན་ལ་སོར་གནས་སུ་ངེས་པས་ངོས་ནས་བསྟན་སྲིད་སྤྱི་དོན་ཡིད་བསམ་དང་མཐུན་འཇུག་གི་ལས་ལ་ངོ་ལྐོག་མེད་པར་སྲི་ཞུར་བརྩོན་པ་རྣམས་ལ་སྐྱབས་འཇུག་རྗེས་འཛིན་དང་། ལམ་འགྲོའི་འཕྲིན་ལས་དངོས་སུ་བསྟན་ཅིང་། ཚུལ་མིན་རྣམས་ལ་བྱ་བ་ལམ་འགྲོ་ཞན་པས་བཀའ་ཆད་ཕོག་ངེས་པ་མ་ཟད། གནས་སྐབས་རང་དོན་སྒྲུབ་ཕྱོགས་ལྷུང་ངོ་སྲུང་ལས་ཆབ་སྲིད་ཀྱི་བདེ་དོན་ད་མུས་བཞིན་ཡལ་ཡོལ་འབའ་ཞིག་གིས་འཁུར་དུ་མ་བླང་ན་ཕུགས་དོན་མི་འགྲུབ་པ་མཐོང་གསལ་ལྟར་སླར་ཅི་དྲག་གི་འགྱོད་ཀྱང་ཕན་ཆ་མི་སྲིད་པས་ངོས་ནམ་འཚོའི་རིང་ལ་བོད་ལྗོངས་བདེ་ཐབས་ད་མུས་ཀྱིས་འཁྱོལ་བར་མཐོང་། ཕུག་རང་རང་མྱོང་བྱ་གོང་སྨོས་རྣམས་སོ་སོའི་ཐོག་ཏུ་སྨིན་པ་ནི་ངོས་རང་གིས་ཉམས་མྱོང་རྒྱུ་མཚན་གསལ་པོའི་སྟེང་ནས་གཞན་ལ་འདོམས་པ་འདི་ལྷག་བསླབ་བྱ་ལྷུག་པོར་སྟོན་རྒྱུ་མེད་པས་ཕྱིའི་རིམ་གྲོ་བསྒྲུབས་དང་། བསྒྲུབ་བཞིན་པ་ཡིན་ཙང་། གཙོ་ཆེ་བ་ནང་གི་ཞབས་བརྟན་རིམ་གྲོ་འདི་ཉིད་སྙིང་ལ་ལྕག་བསྐུལ་ཚང་མས་སྔར་འབྱོང་ཕྱིས་སྡོམ་གྱིས་སྲི་ཞུ་ཚག་ཚུད་བསྒྲུབ་ནུས་ན་རང་ངོས་ནས་ཀྱང་གང་འཁྱོལ་གྱི་བར་བསྟན་པ་ཆབ་སྲིད་འཕྲལ་ཡུན་རྒྱས་ཐབས། ཞབས་འབྲིང་ཀུན་ཀྱང་མིང་དོན་གཉིས་མཚུངས་ཀྱི་རྗེས་འཛིན། ཆབ་འབངས་ཀུན་ཀྱང་སྔར་མུས་བདེ་སྐྱིད་བཟང་པོའི་ངང་འཚོ་བའི་དུས་སྟོན་བཟང་པོ་ལོ་བརྒྱ་ཕྲག་བར་གནས་ཐབས་ཀྱི་ཞེ་བརྩོན་སྔར་བཞིན་བགྱིད་རྒྱུར་སྤྱི་དོན་ནང་གི་རིམ་གྲོ་འདི་ལྷག་མ་མཆིས་པ་སྤྱི་ཞུས་ཀྱི་སློབ་སྟོན་དེ་རང་ལགས་པས་གོང་དོན་རྣམས་ལ་ཉིན་དང་། མཚན་མོའི་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུའང་བརྟག་དཔྱད་ནན་ཏན་གྱིས་སྤང་བླང་མ་འཛོལ་བ་གལ་ཆེ་བ་ལགས་སོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept