In Praise of Kyimolung—Tibetan

Practices › Pilgrimage | Places › Nepal | བོད་ཀྱི་བླ་མ།སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

English | བོད་ཡིག

སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

Further information:
Download this text:

༄༅།  །སྦས་ཡུལ་སྐྱིད་མོ་ལུང་གི་བསྟོད་པ། །

༄༅། ཨ་ཧོ་ཡེཿ ངོ་བོ་རྣམ་དག་དོན་གྱི་འོག་མིན་ཆེ། །
རང་བཞིན་མ་འགག་གདོད་ནས་གྲུབ་པ་ཡི། །
ཐུགས་རྗེའི་རྩལ་ལས་གངས་རི་སྤུངས་རྒྱན་ཞེས། །
རྩ་གསུམ་ལྷ་ཚོགས་དགྱེས་པའི་བསྟི་གནས་མཆོག །
ཚུལ་བཞིན་དཔྱད་ན་བཀོད་པ་འདི་ལྟ་སྟེ། །
གནས་འདིའི་ཤར་ཕྱོགས་ལྷ་ལྡན་སྤྲུལ་པའི་ཞིང་། །
ལྷོ་ཕྱོགས་གོ་མ་ས་ལ་གྷནྡྷོ་བཞུགས། །
ནུབ་ན་འཕགས་ཡུལ་རྡོ་རྗེ་གདན་གྱི་སྤོ། །
བྱང་ཕྱོགས་རི་བོ་གངས་ཅན་ཞེས་བྱའི་གནས། །
རི་རྒྱུད་མ་ཆད་ཏི་སེ་ཉིད་དང་འབྲེལ། །
བརྒྱུད་པ་རྡོ་རྗེ་འཆང་ལ་ཐུག་པའི་བརྡ། །
དགུང་སྔོན་དྭངས་པ་བེེཌཱུརྱ་ཡི་མདོག །
ཆོས་དབྱིངས་ཡེ་ཤེས་འགྱུར་བ་མེད་པའི་བརྡ། །
ཀེེ་ལ་ཤ་རིར་རྟ་བདུན་འཚེར་བའི་དུས། །
མེ་ལོང་ཡེ་ཤེས་རབ་ཏུ་གསལ་བའི་བརྡ། །
སྨན་ལྗོངས་མེ་ཏོག་སྣ་ཚོགས་བཀྲ་བ་འདི། །
བྱ་གྲུབ་ཡེ་ཤེས་འབད་མེད་བྱུང་བའི་བརྡ། །
དབང་པོའི་གཞུ་རིས་ཕྱོགས་ཀུན་བཀྲ་བ་འདི། །
མཉམ་ཉིད་ཡེ་ཤེས་ཕྱོགས་མེད་ཁྱབ་པའི་བརྡ། །
བྲག་རི་བ་གཾ་དབང་གི་བྱ་སྐྱིབས་ཏེ། །
སོར་རྟོག་ཡེ་ཤེས་མ་བཙལ་བྱུང་བའི་བརྡ། །
དོན་ས་སྤྱོད་པའི་ཞིང་དང་དབྱེར་མ་འཆིས། །
སྔོན་དུས་སར་གནས་སེམས་དཔའ་ཆེན་པོ་རྣམས། །
ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པ་ཡི། །
བཀའ་རྟགས་ཕྱག་རྒྱའི་རེ་ཁ་བརྗོད་མི་ལང་། །
བར་དུ་རིགས་གསུམ་མགོན་དང་པདྨ་འབྱུང་། །
གསང་བ་གསུམ་གྱིས་བྱིན་རླབས་གོར་མ་ཆག །
མངའ་བདག་ཡབ་སྲས་བྱང་ཆུབ་སྒྲུབ་པའི་ཕུག །
རིམ་གཉིས་ལྡན་པའི་སྐྱེས་བུ་དམ་པ་རྣམས། །
རྟོགས་པའི་རྩལ་སྦྱང་ཉམས་ཀྱི་སྐྱོ་བསང་དུ། །
གར་གི་འགྲོས་བཞིན་སྐབས་སུ་ཡང་ཡང་རྒྱུ། །
དེང་འདིར་གུ་རུ་རྒྱལ་ཚབ་མཆོག་གྱུར་གླིང་། །
ལས་སྨོན་རྟེན་འབྲེལ་དབང་གིས་ཞབས་སོར་འཁོད། །
བརྡ་དོན་རྟགས་གསུམ་ལྡན་པའི་གནས་མཆོག་འདིར། །
སླད་ནས་འབྱུང་བའི་སྐལ་ལྡན་ཕོ་མོ་རྣམས། །
རྩེ་གཅིག་སྒྲུབ་པ་བྱེད་པའི་གནས་སུ་བཟང་། །
སྨིན་གྲོལ་ལམ་བཞུགས་དམ་ཚིག་ལྡན་པ་ཀུན། །
དགོངས་པའི་རྩལ་རྫོགས་མཁྱེན་པའི་ཡེ་ཤེས་རྒྱས། །
སྲིད་པ་མཐའ་མའི་ལུས་དེ་བོར་བའི་ཚེ། །
ཀུན་བཟང་ཆོས་སྐུའི་ཀློང་དུ་ཨེ་མ་ཧོ། །
དེ་སྐད་མངའ་བདག་ཡབ་སྲས་བཀའ་སྩལ་ནས། །
ཙན་དན་འབྱུག་པས་བསྣུན་པའི་ར་ལྤགས་རྔ། །
དབང་མེད་ཅལ་སྐད་སྒྲོག་བཞིན་ཨོ་རྒྱན་པས། །
གང་དྲན་འདུ་བྱེད་ཡི་གེའི་ལམ་ནས་ཕུལ། །
མངྒ་ལཾ།།
ཀརྨ་ཨོ་རྒྱན་པས་སོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept