བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ།

English | Español | Français | བོད་ཡིག

༄༅། །ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་བཞུགས།

 

ཨོཾ་སྭ་སྟི་སིདྡྷཾ།

བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་བསྡད་ལ།

བླ་མ་ལ་སྐྱབས་སུ་མཆི།

སངས་རྒྱས་ལ་སྐྱབས་སུ་མཆི།

ཆོས་ལ་སྐྱབས་སུ་མཆི།

དགེ་འདུན་ལ་སྐྱབས་སུ་མཆི།

ཞེས་སྐྱབས་སུ་འགྲོ་བ་ལན་གསུམ་བྱ།

སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ།

དེའི་དོན་དུ་ཏིང་ངེ་འཛིན་ཟབ་མོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ།

དེ་ནས།

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

ཞེས་བརྗོད་པས་རང་གི་ལུས་མི་དམིགས་པ་སྟོང་པ་ཉིད་དུ་སངས་ཀྱིས་བསྒོམ།

དེ་ནས་རང་ཉིད་སྐད་ཅིག་གིས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ།

ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ།

ཞལ་གཅིག་ཕྱག་བཞི་པ།

ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ནས།

སངས་རྒྱས་ཐམས་ཅད་ལ་སེམས་ཅན་གྱི་དོན་མཛད་པར་བསྐུལ་བ།

གཡས་ཀྱི་འོག་མས་ཕྲེང་བ་དཀར་པོ་དང༌།

གཡོན་གྱི་འོག་མས་རིན་པོ་ཆེ་དང་བཅས་པའི་པདྨ་འཛིན་པ།

རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ལ་སོགས་པའི་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌།

དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ།

སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་གྱི་དོན་མཛད་པ།

སྤྱི་བོ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམས་ལ་ཡིད་ཅུང་ཟད་གཟུང༌།

དེ་ནས་སྤྱི་བོའི་འོད་དཔག་ཏུ་མེད་པ་ལ་དམིགས་ནས།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པས་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྒྱས་པ་དང༌།

ཡང་དག་པའི་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་སྙིང་ཐག་པ་ནས་ལན་གསུམ་གསོལ་བ་གདབ།

དེ་ནས་བདེ་བ་དང་སྡུག་བསྔལ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་རྩ་བ་ཐམས་ཅད་རང་གི་སེམས་ཡིན་ལ།

སེམས་དེའང་བརྟགས་ན་ཁ་དོག་དང་དབྱིབས་སུ་མ་གྲུབ།

གཅིག་དང་དུ་མ་ཡང་མ་ཡིན་པས་རང་གི་ངོ་བོས་སྟོང༌།

ངོ་བོ་མེད་པའི་དབང་གིས་གདོད་མ་ནས་སྐྱེ་བ་མེད་པས་དང་པོ་རྒྱུས་སྟོང༌།

སྐྱེ་བ་མེད་པའི་ཕྱིར་སྡོད་པ་མེད་པས། བར་དུ་གནས་པས་སྟོང༌།

གནས་རྒྱུ་མེད་པའི་ཕྱིར་འཇིག་པ་མེད་པས་ཐ་མ་འགགས་པས་སྟོང་པས་གཞི་དང་རྩ་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་ཞེས་སྤྲོས་པ་བཅད་ལ།

མཚན་མ་དང་རྣམ་པར་རྟོག་པ་གང་ཡང་མི་བསྒོམ་ཞིང་ཡིད་ལ་མི་བྱེད་པར་སྤྲོས་བྲལ་གྱི་ངང་ལ་ཡིད་ལྷོད་དེ་མཉམ་པར་གཞག

ཕྱི་ནས་གོམས་པ་དང༌།

སེམས་མི་འཕྲོ་ཞིང༌།

ནང་དུ་གནས་པ་ཡུན་རིང་དུ་འབྱུང༌།

དེ་ནས་རང་གི་སྙིང་གར་ཧྲཱིཿབསྒོམས་པ་ལས་སྔགས་ཀྱི་ཕྲེང་བ་འོད་ཀྱི་ཚུལ་དུ་འཕྲོས་པས།

སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ་ནས་བདག་ལ་བྱིན་གྱིས་རློབ་ཅིང་སེམས་ཅན་གྱི་དོན་མཛད་པར་བསྒོམས་ནས།

ཨོཾ་མ་ཎི་པདྨེ་ཧཱུྃ།

ཞེས་ཅི་ནུས་པ་བཟླ།

བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་དེས་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་བསྔོའོ། །

སྤྱོད་ལམ་གྱི་ཚེ་རང་འདུག་པའི་གནས་བདེ་བ་ཅན་ཡིན་ལ།

རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ཞབས་དྲུང་ན་ཇོ་བོ་ཐུགས་རྗེ་ཆེན་པོའི་ང་རྒྱལ་དང་ལྡན་པས་གནས་པ་ཡིན་སྙམ་པའི་བསམ་པ་དང་མི་འབྲལ་བར་བྱའོ། །

དེ་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱས་ན་ཚེ་འདིར་ཚེ་རིང་ཞིང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། སྐྱེ་བ་ཕྱི་མར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །

 

ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ། རྗེ་ས་སྐྱ་པའི་མན་ངག་ཟབ་མོ་འདི་རང་གི་སློབ་མ་མོ་སྟོན་ཙ་གེ་ཇུ་འཕུར་ཞེས་བྱ་བས་གསོལ་བ་བཏབ་པའི་ངོར། འཕགས་པས་མེ་ཕོ་བྱི་བའི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་སྐྱ་རྐ་མདོར་ཡི་གེར་བཀོད་པའོ།། །།

 

ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན།

Four-Armed Avalokiteśvara

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept