Biography of Tulku Urgyen Rinpoche—Tibetan

Literary Genres › Biography | བོད་ཀྱི་བླ་མ།ཆོས་ཀྱི་ཉི་མ་རིན་པོ་ཆེ། | བོད་ཀྱི་བླ་མ།སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

English | བོད་ཡིག

ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

Further information:
Download this text:

༄༅། །རྩ་བླ་ཁྱབ་བདག་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་དད་པའི་གསོས་འདེབས་ཞེས་བྱ་བ་བཞུགས་སོ། །

སྟོན་པ་བླ་མེད་སངས་རྒྱས་བཅོམ་ལྡན་འདས། །དེས་གསུངས་དམ་པའི་ཆོས་མཆོག་རྫུན་མེད་ཅིང་། །འཕགས་པའི་དགེ་འདུན་ཚོགས་ཀྱི་ཞིང་གྱུར་པའི། །བླ་མེད་དཀོན་མཆོག་གསུམ་གྱིས་ཤིས་པ་སྩོལ། །རྩ་བརྒྱུད་བླ་མ་གསེར་རིའི་ཕྲེང་བ་ལ། །མི་ཕྱེད་དད་པས་རྩེ་གཅིག་གཉིས་གསོལ་འདེབས་ན། །ཐུགས་རྗེས་བྱིན་རློབས་ཆོས་ཉིད་མངོན་གྱུར་ནས། །མཐའ་ཡས་འགྲོ་བ་འདྲེན་པའི་དེད་དཔོན་ཤོག །ཅེས་བསྟོད་ཚིག་མེ་ཏོག་ཕྲེང་བས་མདུན་བསུས་ནས་ཆོས་བརྒྱུད་ཀྱི་འབྱུང་ཁུངས་གླེང་གཞི་བརྗོད་པ་ལ། དེའང་བདག་སོགས་སེམས་ཅན་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་རྣམ་འདྲེན་བཞི་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི། བལ་ཡུལ་ལུམ་བི་ནིའི་ཚལ་དུ་ངོ་མཚར་བའི་ལྟས་བཟང་དང་བཅས་ཏེ་སྐུ་བལྟམས་ཤིང་། རྒྱ་གར་རྡོ་རྗེའི་གདན་ དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཀྱི་འཁོར་མཐའ་ཡས་པ་བསྐོར་བར་མཛད། སྟོན་པའི་གསུང་དྲི་མ་མེད་པ་དེ་དག་གི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དང་དཔལ་ན་ལེནྡྲའི་གཙུག་ལག་ཁང་སོགས་སུ་བཞུགས་པའི་དགེ་འདུན་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་བླངས་པས་མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་གྲངས་མེད་པར་བྱོན་པ་དེ་དག་ལས། མཁས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་པཎ་ ཆེན་ཏི་ལོ་ཤེས་རབ་བཟང་པོ། དེའི་སློབ་མ་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་ནཱ་རོ་ཛྙ་ན་སིདྡྷི། དེ་ནས་རིམ་པར་བོད་ཀྱི་ལོ་ཙཱ་མཁས་གྲུབ་མར་པ་ཆོས་ཀྱི་བློ་གྲོས། གྲུབ་པའི་ཁྱུ་མཆོག་མི་ལ་བཞད་པ་རྡོ་རྗེ། རྒྱལ་བས་ལུང་བསྟན་ཆོས་རྗེ་སྒམ་པོ་པ། དེ་ལས་ཆོས་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི། འབའ་རོམ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཀརྨ་པ་དུས་གསུམ་མཁྱེན་པ་ལས་ཀཾ་ཚང་བཀའ་བརྒྱུད། ཕག་ གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་དེ་ཆེ་བཞི་དང་། འབྲི་སྟག་ཁྲོ་གླིང་སྨར་ཡེལ་གཡའ་ཤུག་སྟེ་ཆུང་བརྒྱད་དམ་མཆོག་བརྒྱད་དུ་རྒྱས་ཤིང་། ཆོས་རྗེ་འབའ་རོམ་དར་མ་དབང་ཕྱུག་ལས་བརྒྱུད་པའི་འབའ་རོམ་བཀའ་བརྒྱད་ལ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་ཉིང་ཁུ་ཚེ་ལུས་གཅིག་ལ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཐུབ་པའི་གདམས་ངག་ཚང་ལ་མ་ནོར་བ། ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ཀྱི་རྒྱུད་སྡེའི་དབང་ཁྲིད། སྙན་བརྒྱུད། མན་ངག མྱོང་ཁྲིད། ཉམས་ལེན་སོགས་ཀྱི་བརྒྱུད་འཛིན་སློབ་མའི་ཐུ་བོ། ཏི་ཤྲཱི་རས་པ་དཀར་པོ། ཚངས་གསར་ལུས་མེད་རྡོ་རྗེ་སོགས་བྱུང་བ་ལས་བརྒྱུད་པའི་ཚངས་གསར་བླ་སྐྱ་ནས་བཟུང་། ཨོ་རྒྱན་ཆོས་འཕེལ་བར་གདུང་རབས་དང་སྐྱེས་སྤྲུལ་རྒྱུན་མ་ཆད་པ་རྣམས་ཀྱིས་རྒྱལ་བ་འབའ་རོམ་བཀའ་བརྒྱུད་པའི་བསྟན་རྒྱུན་བར་མ་ཆད་པར་བསྐྱངས། ཚངས་གསར་ཨོ་རྒྱན་ཆོས་འཕེལ་འདིས་གཏེར་ཆེན་མཆོག་ གྱུར་གླིང་པའི་སྲས་མོ་དཀོན་མཆོག་དཔལ་སྒྲོན་ཕྱག་རྒྱར་བཞེས་ཤིང་། དེ་ལ་སྲས་བཞི་བྱུང་བའི་འབྲིང་བ་སྤྲུལ་སྐུ་འཆི་མེད་རྡོ་རྗེ། དེའི་སྲས་ བདག་ཅག་རྣམས་ཀྱི་རྩ་བླ་ཁྱབ་བདག་དཔལ་ལྡན་བླ་མ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་ཡི་བར་དུ་གོང་སྨོས་དབང་ཁྲིད་གདམས་ངག་དེ་དག་ བཞུགས་ལ། དེའི་ཐོག་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་དབང་ལུང་ཁྲིད་མན་ངག་ཡོངས་རྫོགས་གསན་ཅིང་། ཕྱག་རྫོགས་དེ་དག་ཐུགས་དམ་ཉམས་བཞེས་རང་ཉིད་ཀྱིས་མི་ལོ་ཉེར་གཅིག་ལྷག་བཅད་རྒྱར་བཞུགས་ཤིང་། གཞན་ལའང་སྨིན་གྲོལ་དེ་དག་སྤེལ་བར་མཛད་པའི། སྐྱབས་རྗེ་རྩ་བླ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་མཆོག རབ་བྱུང་བཅུ་བཞི་པའི་ནང་ཚན་དྲག་པོ་ཞེས་ལྕགས་ སྤྲེལ་དང་ཕྱི་ལོ་ ༡༩༢༠ ལོར་བོད་ཆེན་པོའི་ཁོངས་ནང་ཆེན་དུ། ངོ་མཚར་བའི་ལྟས་བཟང་དང་བཅས་སྐུ་བལྟམས། ྋརྒྱལ་དབང་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེས་ཁམས་ནང་ཆེན་བླ་ཁྱབ་དགོན་པའི་བླ་མ་སྤྲུལ་གཞི་གནུབས་སངས་རྒྱས་ཡེ་ཤེས་དང་གཏེར་སྟོན་གུ་རུ་ཆོས་དབང་ཟུང་དུ་འབྲེལ་བའི་སྐུ་ཕྲེང་གསུམ་པ་བསྟན་འགྲོའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བ་ཀརྨ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་ཞེས་ངོས་འཛིན་མཚན་བཏགས་མངའ་གསོལ་མཛད། སྐྱེ་སྤྲུལ་ཡིན་པའི་རྟགས། དམ་པ་དེ་ཉིད་སྐུ་ཆུང་ངུ་ནས་ངེས་འབྱུང་སྐྱོ་ཤས་ཆེ་ལ། བྱམས་སྙིང་རྗེས་ཐུགས་རྒྱུད་བརླན་ཅིང་དད་པ་དང་དག་སྣང་ལྷན་སྐྱེས་སུ་མངའ། སྐུ་ནར་སོན་སྐབས་འབྲི་ཀློག་སོགས་རིགས་པའི་གནས་ལ་ཐུགས་ སྦྱངས་ལེགས་པར་གནང་། དེ་ནས་ཡབ་དང་ཨ་ཁུ། གཞན་ཡང་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་དབང་ལུང་ཁྲིད་གདམས་སོགས་མང་པོ་ གསན། རྟག་ཏུ་རི་ཁྲོད་དབེན་པར་སྐུ་མཚམས་བཞུགས་འདོད་ཤིན་ཏུ་ཆེ། ༈ ཡབ་ཚངས་གསར་བླ་མ་འཆི་མེད་རྡོ་རྗེ་ནི་ཚངས་གསར་གནམ་ དགོན་ཐུབ་བསྟན་རྣམ་དག་གླིང་གི་བླ་མ་ཡིན་པ་དང་། དབང་ལུང་ཁྲིད་གདམས་ངག་སོགས་ཀྱིས་ཕྱུག་ཅིང་ཕལ་ཆེར་རི་ཁྲོད་དབེན་པར་བཅད་རྒྱར་བཞུགས་ནས་ཐུགས་དམ་ཉམས་རྟོགས་མངོན་ཤེས་གྲུབ་རྟགས་ཡོད་ཚུལ་ནི་དངོས་ཡོད་ཀྱི་གནས་ཚུལ་དང་། ཡུམ་གཡུ་དགའ་ཐུགས་གཤིས་འཇམ་ཞིང་དཀོན་མཆོག་ལ་དད་པ། ལས་འབྲས་ལ་བརྩི་སྲུང་ཀུན་ལ་ཕན་སེམས་ཆེ་ཞིང་ཐུགས་དམ་ཉམས་བཞེས་དང་། གཞན་ཡང་མཆོད་སྦྱིན་སོགས་ལ་རྟག་ཏུ་བརྩོན་པར་མཛད། གུས་ནས་ཡབ་རྗེ་རིན་པོ་ཆེར་མེས་པོ་དམ་པ་འཆི་མེད་རྡོ་རྗེའི་མཛད་རྣམ་སྐོར་བཀའ་འདྲི་ཡང་ཡང་ཞུ་སྐབས་མང་པོ་མི་ཤེས་བླ་མ་ཉམས་རྟོགས་ཅན་ཞིག་ནི་རེད་མངོན་ཤེས་ཡང་ཡོད་རང་གི་ཕ་ལ་བསྟོད་པ་འདྲ་བོ་ཆགས་ཀྱི་རེད་འདུག་སྟེ། ཡིན་ན་ཡང་ལོ་རྒྱུས་རེ་ཟུང་བཤད་ན་གསུངས་ནས་མེས་པོ་དམ་པ་འཆི་མེད་རྡོ་རྗེ་ཉིད་བདེ་ཆེན་གླིང་རི་ཁྲོད་དུ་ཡབ་སྲས་བཅད་རྒྱ་དམ་པོར་བཞུགས་སྐབས། ཞལ་སློབ་ཨ་ནེ་ཞིག་ནས་ངུ་འབོད་དང་བཅས་བླ་མ་རིན་པོ་ཆེར་ཞུ་རོགས། ངའི་ཕ་རྒན་གློ་བུར་དུ་ཤི་ནས་རོ་དུར་ཁྲོད་དུ་ཁྱེར་འདུག་རྒྱང་འཕོ་དང་གནས་འདྲེན་ད་ལྟ་མཛད་རོགས་སྐུ་མཁྱེན་ཟེར་ནས་འདུག གུས་ནས་ཡབ་རྗེར་ཞུས་པས་ཨ་ཁ་ཁ་མཆོད་གཞི་སྒྲིག་དང་གནས་འདྲེན་བྱེད་དགོས་གསུངས་ནས་འཁོར་བ་དོང་སྤྲུགས་གསུང་གི་འདུག གནས་འདྲེན་འགུག་པ་ཐེངས་དང་པོའི་སྐབས་དབུ་གཡུག ཐེངས་གཉིས་པའི་སྐབས་མཆོད་གཞི་བསྡུས་གསུང་གི་འདུག ཅི་ཡིན་ན་ཞུས་པས་མི་མ་ཤི་གོང་བྱང་ཆོག་བྱེད་ཟེར་བ་གོ་མ་མྱོང་གསུངས་བྱུང་། གུས་ནས་སླར་ཡང་རོ་དུར་ཁྲོད་དུ་ཁྱེར་ཚར་འདུག་ཟེར་གྱི་འདུག་ཞུས་པས། རྣམ་ཤེས་གར་སོང་ཙམ་མ་ཤེས་ན་བྱང་ཆོག་སོགས་བྱས་ན་ཅི་ཕན་མི་ཤེས་གསུངས། ཨ་ནེས་འོག་ཏུ་བཀའ་ལན་ཕེབས་བསྒུག་ཞུས་ནས་འདུག ཕྲན་འོག་ཏུ་ཕྱིན་པས་ཨ་ནེས་རིན་པོ་ཆེ་གསུང་ཆོག་གྲུབ་མ་ཐི་ཅེ་རེད་ཟེར། ངོས་ནས་དངོས་འབྲེལ་བཤད་པས་ཨ་ནེས་དགའ་དང་བགད་ནས་ཕྱིན་སོང་། ཕྲན་རང་ནི་ཤིན་ཏུ་སེམས་ཚབ་བྱུང་། རྗེས་སུ་གནས་ཚུལ་འབྱོར་གསལ་ཕ་རྒན་དུར་ཁྲོད་དུ་དབུགས་རིང་ཞིག་བཏང་ནས་སླར་ཡང་སོས་འདུག ཡང་གུས་ནས་བྲག་ལ་ཕྱག་རྗེས་ཡོད་པ་ཟླ་བཟང་རིན་པོ་ཆེས་ཉེ་ཆར་གསུང་གི་འདུག་པས་ཅི་འདྲ་མཛད་པ་རེད་ཞུས་པས། འོ་དེ་དངོས་འབྲེལ་རེད། སྔ་དྲོ་རི་ཁྲོད་མཚམས་ཁང་གི་ཕྱི་རོལ་ས་ཡངས་བྲག་རང་རོང་དུ་ཁམས་སེང་ཞིག་ལ་ཕེབས་སྐབས་ཐུགས་ཉམས་སུ་སྣང་བ་འདི་ཀུན་བདེན་མེད་དུ་འདུག་ཨ་དགོངས་པ་ཞིག་བྱུང་། འོ་རེད་བྲག་ལ་ལག་གཏུག་ན་ཅི་རེད་འགྲོ་དགོངས་ནས་ཕྱག་བཞག་པས་ཕྱག་མཛུབ་ཉེར་སེ་བྲག་ཏུ་འཛུལ་བ་ལྟར་བྱུང་། དེའི་རྗེས་མི་ཚོས་ཕྱག་རྗེས་ཟེར་ནས་ཕྱག་མཆོད་བྱེད་ཡོད་གྲགས་ཡག་མ་སོང་གསུང་བྱུང་། གང་ལྟར་ཐུགས་དམ་ལ་བརྩོན་པ་དང་། དབང་ལུང་གདམས་ཁྲིད་སོགས་ཕྱུག་ཅིང་ཕྱོགས་མེད་དུ་གནང་མཁན་ཞིག་རེད། མང་པོ་བཤད་ན་ཅི་ཕན་ གསུང་བྱུང་། ཡང་ཨ་སྡེའུ་རིན་པོ་ཆེ་དང་། ཟླ་བཟང་རིན་པོ་ཆེ་སོགས་བླ་མ་ཁཤས་ནས་གསུང་གསལ་རྒྱལ་བའི་བཀའ་བསྟན་འགྱུར་གྱི་ལྗགས་ལུང་དང་། དབང་ལུང་གདམས་ཁྲིད་སོགས་གནང་མཁན་ཞིག་ལ་གསུང་སྐད་ལེགས་པ་སྒྲ་དག་སྒྲོས་གསུམ་སེམས་རྒྱུད་འགྱུར་ཐུབ་ པའི་བྱིན་རླབས་ཡོད་གསུང་གི་འདུག སྐུ་ཞི་བར་གཤེགས་སྐབས་ས་གཡོས་གདུང་དང་རིང་བསྲེལ་བྱོན། ཡབ་རྗེ་དམ་པ་འདིའི་ཞལ་ནས་རྒྱལ་བའི་བཀའ་བསྟན་འགྱུར་བཀའ་གཏེར་སོགས་ཀྱི་དབང་ལུང་ཁྲིད་གདམས་ངག་སོགས་མང་པོ་གསན་ནས་བཀའ་དྲིན་ཅན་གྱི་བླ་མའི་གྲས་སུ་བརྩི་གི་ཡོད། དེ་བཞིན་ཀར་སྲས་ཀོང་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་༧དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེའི་ལྷན་དུ་རིན་ཆེན་གཏེར་མཛོད་དང་། ཕྱག་ཆེན་ཆོས་དྲུག་མན་ངག་སོགས་ཟབ་ཁྲིད་མང་པོ་གསན། ཁྱུང་སྤྲུལ་ཀར་རྒྱམ་ལས་རིག་གནས་སྤྱི་དང་། སྤྱོད་འཇུག་སྡོམ་གསུམ། དབུ་མ་རྩ་འཇུག་བཞི་གསུམ་སོགས་གཞུང་ཆེན་ཁག་དང་། ནང་བརྟག་རྒྱུད་གསུམ། རྒྱུད་གསང་སྙིང་། རྙིང་མ་རྒྱུད་འབུམ། རྒྱུད་བཅུ་བདུན་སོགས་གདམས་ཁྲིད་མང་པོ་གསན། ཞེ་ཆེན་ཀོང་སྤྲུལ། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གཏེར་སྲས་ཚེ་དབང་ནོར་བུ། ཨ་ཁུ་གསང་སྔགས་རིན་པོ་ཆེ་སོགས་ལས་དབང་ལུང་ཁྲིད་དང་གདམས་ངག་གསན། སྤོ་ཟླ་མཁན་རིན་པོ་ཆེ་ལས་རྫོགས་ཆེན་སྙན་རྒྱུད་ཟླ་ཤས་རིང་གསན། གཞན་ཡང་བླ་མ་མཁས་གྲུབ་མང་པོའི་སྐུ་མདུན་ནས་དབང་ལུང་གདམས་ཁྲིད་སོགས་མང་པོ་གསན། ཡབ་རྗེ་འཆི་མེད་རྡོ་རྗེའི་ཡུམ་གཏེར་ཆེན་མཆོག་གྱུར་གླིང་པའི་སྲས་མོའི་ཞལ་ནས་བསྐྱེད་རྫོགས་མན་ངག་མང་པོ་གཏེར་ཆེན་ཞལ་རྒྱུན་དང་། དེ་བཞིན་གར་ཐིག་དབྱངས་གསུམ། གཏོར་བཟོ་དཀར་རྒྱན་འབུད་རྡུང་དཀྲོལ་གསུམ་སོགས་མཐོང་རྒྱུན་ཕྱག་བཞེས་སོགས་གསན། ཨ་ཁུ་ཚངས་གསར་བླ་མ་བསམ་གཏན་རྒྱ་མཚོ་ནི་ཐུགས་ཀྱི་གནས་ལུགས་ངོ་སྤྲོད་མཛད་མཁན་གྱི་རྩ་བླ་སངས་རྒྱས་ལྟ་བུའི་དད་པ་དག་སྣང་མཛད་ཀྱི་ཡོད། མཚན་ཙམ་གསུང་སྐབས་སྤྱན་ཆབ་དབང་མེད་དུ་ཤོར་གྱི་འདུག དམ་པ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཡབ་རྗེས་ཨ་ཁུ་བླ་མ་ཁོང་མཁས་བཙུན་བཟང་གསུམ་འཛོམས་པ་མ་ཟད་དགོངས་པ་ནམ་མཁའ་དང་མཉམ་ཡོད། སེམས་དོན་ངོ་སྤྲོད་མཛད་མཁན་ཁོང་ལྟ་བུ་དཀོན་པོ་ཡིན་འགྲོ་གསུངས། ༈ ཕྱོགས་མཐའ་དག་ནས་དད་ལྡན་ཞལ་སློབ་མང་པོ་འདུས་ནས་དབང་ཁྲིད་སོགས་ཞུ་གི་འདུག དམ་པའི་ཞལ་ནས་ང་བས་བླ་མ་མཁས་པ་དགོངས་པ་མཐོ་བ་མཚན་འདི་དང་འདི་ཞེས་པའི་དྲུང་དུ་བཅར་ལ་གདམས་ཁྲིད་ཞུས་ན་ལེགས་གསུངས་ནས་གཏོང་གནང་མཛད་ཀྱི་འདུག ཞལ་སློབ་མང་པོ་ཞབས་སར་སྡོད་པར་མཉེས་ཀྱི་མི་འདུག གུས་ནས་ཞལ་སློབ་མང་པོ་སྐུ་མདུན་དུ་བསྡད་ན་ཐུགས་མི་མཉེས་པ་ཅི་ཡིན་ནམ་ཞུས་པས་སློབ་མ་ཉར་ཟེར་བ་ལས་འགན་ཆེན་ པོ་རེད། ཁོང་ཚོར་ཕན་ཐོགས་ཡང་དག་བྱེད་པ་ལ་སེམས་དོན་ངོ་འཕྲོད་དགོས། དེ་ཤིན་ཏུ་ཁག་པོ་འདུག ཁོང་ཚོ་བླ་མ་མཁས་གྲུབ་ཚད་ལྡན་ཚོའི་ཞབས་སུ་གཏུགས་ན་ལེགས་གསུངས། ཞལ་སློབ་ཁ་ཤས་ཨ་ཁུ་རིན་པོ་ཆེ་ལ་དད་པ་དག་སྣང་རྩེ་གཅིག་ཞབས་ས་རང་ནས་གཞན་དུ་འགྲོ་མི་ཉན་པ་ཚོར་རིན་པོ་ཆེ་ནས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་ངོ་སྤྲོད་མཛད་ནས་ཕལ་ཆེར་ངོ་མི་འཕྲོད་པ་ཡོང་གི་མི་འདུག དེ་ནི་དམ་པ་དེའི་ངོ་མཚར་གྱི་རྣམ་ཐར་དུ་འཛིན། དེའི་ནང་ནས་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ལས་མིར་མི་འཛིན། ༧རྒྱལ་དབང་མཆོག་ནས་དབང་ཁྲིད་སོགས་གསན་སྐབས་ཤིན་ཏུ་དད་པ་དང་དག་སྣང་གི་སྒོ་ནས་དབང་ཁྲིད་ སོགས་འབུལ་གྱི་འདུག ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གནས་བརྟན་མཆོག་གླིང་རིན་པོ་ཆེ། སྤོ་ཟླ་མཁན་རིན་པོ་ཆེ་སོགས་བླ་མ་རྣམས་ལ་དད་པ་དག་སྣང་ཆེ་ཞིང་། ཕན་ཚུན་དབང་ལུང་གདམས་ཁྲིད་གསན་བཞེས་མཛད་པ་སོགས་ཀྱི་སྒོ་ནས་བླ་སློབ་དམ་གཙང་ཐུགས་སྣང་ཤིན་ཏུ་མཐུན། ཡང་བླ་སྤྲུལ་མང་པོ་འཛོམས་སྐབས་དམ་པ་དེ་ཉིད་ཀུན་ལ་དད་པ་དང་དག་ སྣང་ཆེ་ཞིང་རང་ཉིད་ཀུན་གྱི་གྲལ་མཐར་གུས་བཏུད་དང་བཅས་བཞུགས་ཀྱི་འདུག འོན་ཀྱང་བླ་སྤྲུལ་དེ་དག་ལ་དབང་བསྐུར་གདམས་ཁྲིད་གནང་མ་མྱོང་བ་མེད་པ་ལྟ་བུ་ཡིན། ཁམས་དང་མཚུར་ཕུ་འབྲས་ལྗོངས་བལ་ཡུལ་སྣང་དགོན་རྣམས་སུ་ལོ་ཉེར་གཅིག་ལྷག་ཙམ་རིམ་གཉིས་ ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་ཐུགས་དམ་ལ་བརྩོན་པར་མཛད། དབང་ཁྲིད་སོགས་ཡང་ཡང་གསུངས་ཤིང་སེམས་དོན་ངོ་སྤྲོད་མཛད་རྒྱ་ ཐུགས་མཉེས་པོ་གནང་གི་ཡོད་ལ་རྟག་ཏུ་དམན་ས་འཛིན་ཞིང་། བླ་གྲྭ་ཙམ་མ་ཡིན་པར་འཇིག་རྟེན་ཕོ་མོ་ཀུན་ལ་ཐུགས་བརྩེ་དང་། གུས་བརྩི། དབུ་ཐུག་མཛད་རྒྱུ་ལས་ཕྱག་དབང་གནང་རྒྱུ་མི་མཉེས། གང་ལྟར་ཐུགས་ཉམ་ཆུང་ཞིང་ཀུན་ལ་དག་སྣང་ཆེ་ལ། རིས་མེད་བླ་སྤྲུལ་ དགེ་འདུན་མང་ཚོགས་དང་བཅས་པར་དབང་ལུང་ཁྲིད་གདམས་ངག་སོགས་ཡང་ཡང་གནང་། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་སོགས་བླ་སྤྲུལ་ཆེ་ཁག་ཕལ་ཆེར་དང་། རྙིང་ཕྱོགས་ཀྱི་བླ་སྤྲུལ་ཆེ་ཁག་ཕལ་ཆེར། གཞན་ཡང་རིས་མེད་ཀྱི་བླ་སྤྲུལ་མཁན་སློབ་སེར་ སྐྱ་མི་རིགས་སྣ་ཚོགས་དང་། དེ་བཞིན་ཕྱི་རྒྱལ་ཤར་ནུབ་ཡུལ་གྲུ་ཁག་ལའང་ཞབས་སོར་འཁོད་དེ་དབང་ལུང་གདམས་ཁྲིད་གནང་། ༈ བསྟན་དགོན་གསར་བཞེངས་སྐོར། བོད་དུ་བཞུགས་སྐབས་ཚངས་གསར་བླ་ཁྱབ་བྱང་ཆུབ་ནོར་འཛིན་ཆོས་གླིང་གི་གཙུག་ལག་ཁང་དང་། ནང་རྟེན་མཆོད་རྫས། དགེ་འདུན་གྱི་ཀུན་དགའ་རྭ་བ་བཅས་ཉམས་བཟོ་དང་གསར་བཞེངས་མཛད། བལ་ཡུལ་བཙུན་དགོན་སྣང་སྐྱིད་ མཐོང་གསལ་གླིང་དགོན་གསར་བཞེངས་སྐབས་ཨར་ལས་མཉམ་ཞུགས་དང་། ལྷག་པར་དམ་པ་གང་ཉིད་ཀྱིས་ཕྱག་བཟོ་ལས་རྟེན་གཙོ་གསུམ་དང་། གུ་རུ་སྟོང་སྐུ་སོགས་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་མཛད། མཆོད་རྟེན་བྱ་རུང་ཁ་ཤོར་དུ་ས་གཟིགས་རྟེན་བཞེངས་ སྐབས་ཡབ་རྗེ་གང་ཉིད་ཨར་ལས་དང་མཉམ་དུ་རྟག་ཏུ་བཞུགས། ཅ་དངོས་སོགས་ཕོན་ཆེན་ཉོ་སྐབས་ཡབ་རྗེ་ཉིད་ཕེབས་ཀྱི་ཡོད། གུས་ནས་ཊག་སི་ནང་ཕེབས་ན་ཞུ་སྐབས། སྒོར་མོ་ག་ཚོད་རེད་གསུང་གི་འདུག སྒོར་ལྔ་རེད་ཞུས་པས་དེ་ཚོ་ཉོ་ཆ་བྱས་ན་ལེགས། བཱ་སེར་འགྲོ་གསུངས་ནས་གུས་དང་རྒྱལ་མཚན་རྡོ་རྗེའམ་སངས་རྒྱས་ཡེ་ཤེས་བཅར་གྱི་ཡོད། མཆོད་རྟེན་པས་ང་ཚོའི་བླ་མ་ཟེར་ནས་ཡག་པོ་བྱེད་ཀྱི་ ཡོད། མ་དམ་པས་ཨར་ལས་པ་ཚོར་བཟའ་བཏུང་དང་ཨར་ལས་ཀྱི་འགན་བཞེས་གནང་ཞིང་། གཟི་བྱུར་སོགས་རང་གི་རྒྱན་ཆ་རྣམས་ཀྱང་དགོན་བཞེངས་ཀྱི་འགྲོ་གྲོན་ལ་བཏང་། སྔ་དགོང་ཞལ་འདོན་ཆག་མེད། སྔོན་འགྲོ་འབུམ་ལྔ་གྲངས་བཅུ་གསུམ་དང་། ལོ་མང་རིང་སྐུ་མཚམས་བཞུགས་མྱོང་། སྐྱེས་མ་དང་ལྷན་དུ་གཅུང་མཆོག་གླིང་རིན་པོ་ཆེ་ནས་ཨར་ལས་པ་ཚོར་གཟིགས་རྟོགས་མཛད་ཀྱི་ཡོད། རིམ་པས་རྟེན་དང་བརྟེན་པར་བཅས་པ་རོབ་ཙམ་གྲུབ་ནས་བལ་རྒྱལ་ཆེན་པོས་སྒོ་འབྱེད་དང་། ༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་མཆོག་དང་། རྒྱལ་བ་ཡབ་སྲས་སོགས་རིས་མེད་ཀྱི་བླ་སྤྲུལ་རྣམས་གདན་ཞུས་ཀྱིས་རབ་གནས་དང་བཀའ་བརྒྱུད་སྔགས་མཛོད་ཆེན་མོ་ སོགས་དབང་ལུང་གདམས་ཁྲིད་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་སྒྲོན་ཞུ་གནང་བ་སོགས་ཟླ་བ་གཉིས་ལ་ཉེ་བར་བཞུགས ༈ གཞན་ཡང་སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ༧སྐྱབས་རྗེ་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ་རྣམས་ནས་བཀའ་གཏེར་སོགས་ཀྱི་དབང་ལུང་གདམས་ཁྲིད་སོགས་ཕལ་ཆེར་ལོ་ལྟར་གནང་། ༧དཔལ་ས་སྐྱའི་བདག་ཁྲི་གོང་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ། འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སོགས་རིས་མེད་ཀྱི་སྐྱེས་ཆེན་རྣམས་ཞབས་ཀྱིས་ བཅགས་ཤིང་དབང་ལུང་གདམས་ཁྲིད་སོགས་གནང་། ༈ མདོར་ན་སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་མཆོག་ནས། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་སོགས་རིས་མེད་བླ་ཆེན་མཁན་སྤྲུལ་སེར་སྐྱ་སྟོང་ཕྲག་མང་པོར་དབང་ལུང་དང་། ཐུན་མིན་གྱི་སློབ་ཚོགས་རྣམས་ ལ་གདམས་ཁྲིད་ཡང་ཡང་གནང་། ལྷག་པར་༧རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། ནང་ཆེན་ཨ་སྡེའུ་རིན་པོ་ཆེ། ཟླ་བཟང་རིན་པོ་ཆེ། དར་ཐང་རིན་པོ་ཆེ། བསྟན་དགའ་རིན་པོ་ཆེ་སོགས་བླ་ཆེན་མང་པོར་མཆོག་གླིང་ཟབ་གཏེར་རྫོགས་ཆེན་སྡེ་གསུམ་སོགས་དབང་ཁྲིད་གདམས་ངག་དང་བཅས་པ་ཕུལ། བླ་སློབ་ཀྱི་འབྲེལ་པ་དང་དག་སྣང་དམ་ཚིག་ཤིན་ཏུ་ཆེ། འདི་གར་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་གསར་འཛུགས་མཛད། དེ་དག་ལ་༧རྒྱལ་དབང་ཀརྨ་པ་ཆེན་པོས་དགེ་ཚུལ་སློང་གི་སྡོམ་པ་འབོག་ཆོག་བཀའ་དྲིན་ཆེ་བ་ནས་ལོ་ལྟར་དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་བཞེས་ཆག་མེད་དང་། གཞན་ཡང་སྔ་དགོང་གི་རྒྱུན་ཚོགས་དང་། ཚེས་བཅུ་ཉེར་ལྔ། སྒྲུབ་ཆེན་ཁག་སོགས་ཆོས་སྤྱོད་ཀྱི་མཛད་སྒོ་ཆག་མེད། དེ་ལ་མདོར་ན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན། ལོ་ལྟར་དགེ་འདུན་གསར་ཞུགས་འཕེལ་རྒྱས་ཇེ་མང་དང་། གཞི་རིམ། འབྲིང་རིམ། གྲྭ་ཚང་། བཤད་གྲྭ། སྒྲུབ་གྲྭ་བ་རྣམས་ཀྱི་བསླབ་པ་སློབ་གཉེར་སྒོམ་སྒྲུབ་ཉམས་ལེན་ གོང་འཕེལ་འགྲོ་མུས་ལགས། གཞན་ཡང་འཕགས་ཤིང་ངེས་དོན་འོད་གསལ་གླིང་བསྟན་དགོན་གསར་བཞེངས་མཛད། ཨ་སུ་ར་གུ་རུའི་སྒྲུབ་གནས་པདྨ་འོད་གསལ་གླིང་དུ་ཡབ་ཡུམ་གཉིས་ནས་རྟེན་དང་བརྟེན་པར་བཅས་པ་རོབ་ཙམ་གསར་བཞེངས་མཛད། གཞན་ཡང་འབྲས་འབྲུག་བལ་ཡུལ་སྟོད་སྨད་སོགས་སུ་ཞབས་ཀྱིས་བཅགས་ཤིང་དབང་ལུང་གདམས་ཁྲིད་དང་། མ་ཎི་དང་བཛྲ་གུ་རུ་དུང་སྒྲུབ་ཡང་ཡང་མཛད། དམ་པ་དེའི་རྣམ་ཐར་གྱི་གཙོ་བོ་ནི་ཞལ་སློབ་ཕལ་ཆེར་ངེས་འབྱུང་དང་སྐྱོ་ཤས། བྱམས་དང་སྙིང་རྗེ། དད་པ་དང་དག་སྣང་། དམ་པའི་ཆོས་ཀྱི་ཉམས་ལེན་སྤྱི་དང་བྱེ་བྲག་སེམས་དོན་ཉམས་ལེན་བྱེད་རྒྱུ་ལ་དད་འདུན་རྩེ་གཅིག་ཏུ་ཆེ་ཞིང་ཐུགས་རྒྱུད་དུལ་པོ་ཡོད་པ་འདི་ནི་དམ་པ་དེ་ཉིད་ཀྱི་རྣམ་ཐར་གྱི་གཙོ་བོར་འཛིན། ༈ སྐུ་ཚེའི་སྨད་སྣང་དགོན་རི་ཁྲོད་དུ་རྩེ་གཅིག་སྤྲོས་མེད་ཆོས་ཉིད་གཉུག་མའི་ཉམས་བཞེས་མཛད་ནས། མཐར་དགུང་གྲངས་བདུན་ཅུ་དོན་དྲུག་ཤིང་ཕག་ཕྱི་ལོ་ ༡༩༩༦ ཟླ་ ༢ ཚེས་ ༡༣ ཉིན་དགོངས་པ་ཆོས་ དབྱིངས་སུ་གཤེགས་སྐབས། ས་གཡོས། ནམ་མཁའ་གཡའ་དག ས་གཞི་རྡུལ་དག སྐུ་གདུང་གདན་འདྲེན་སྐབས་སྣང་དགོན་རི་ཁྲོད་ནས། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་དཔལ་བཀའ་རྙིང་བཤད་སྒྲུབ་གླིང་གི་བར། གཡས་གཡོན་སེར་སྐྱ་སྟོང་ཕྲག་མང་ པོས། གདུང་བའི་མིག་ཆུ། ལག་ཏུ་མཆོད་རྫས་མེ་ཏོག་དང་དར་སོགས་ཀྱིས་མྱ་ངན་དང་དད་གདུང་བླ་ན་མེད་པ་ཞུས། དགོངས་རྫོགས་ མཆོད་འབུལ་དང་སྐུ་གདུང་ཞུགས་འབུལ་སྐབས། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། དིལ་མཁྱེན་ཡང་སྲིད་རིན་པོ་ཆེ། བདུད་འཇོམས་ཡང་སྲིད་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། འཛི་སྒར་ཀོང་སྐལ་རིན་པོ་ཆེ། སངས་རྒྱས་མཉན་པ་རིན་པོ་ཆེ། བེ་རུ་མཁྱེན་བརྩེ་རིན་པོ་ཆེ། དར་ཐང་རིན་པོ་ཆེ། ཁྲ་འག་རིན་པོ་ ཆེ། བསྟན་དགའ་རིན་པོ་ཆེ། ཁྲ་རིགས་རིན་པོ་ཆེ། གནས་བརྟན་མཆོག་གླིང་རིན་པོ་ཆེ། རྡོ་རྫོང་རིན་པོ་ཆེ། བསོད་རྒྱལ་རིན་པོ་ཆེ། ཆོས་རྒྱལ་རིན་པོ་ཆེ། ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ། མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ། ཡོངས་འཛིན་རིན་པོ་ཆེ། རྒྱ་སྤྲུལ་རིན་པོ་ཆེ། ས་བཅུ་རིན་པོ་ཆེ། ཟངས་ཟངས་རིན་པོ་ཆེ། རི་པ་འཇིགས་མེད་རིན་པོ་ཆེ། སྤྲུལ་སྐུ་འཇིགས་མེད་རིན་པོ་ཆེ། བྲག་དཀར་རིན་པོ་ཆེ། སྐུ་ཞོགས་ཚེས་བཅུ་རིན་པོ་ཆེ། གདུང་སྲས་གཞན་ཕན་ཟླ་བ་རིན་པོ་ཆེ། མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ། མཁན་པོ་པདྨ་ཤེས་རབ་རིན་པོ་ཆེ། མཁན་པོ་རྣམ་གྲོལ་རིན་པོ་ཆེ་སོགས་བླ་སྤྲུལ་མཁན་སློབ་འདུས་སྡེ་བརྒྱ་ཕྲག་ཁ་ཤས་ཐུགས་བརྩེ་ཆེན་པོའི་སྒོ་ནས་ཕེབས། གཞན་ཡང་རང་ གཞུང་སྐུ་ཚབ་དང་བལ་གཞུང་དཔོན་ཁག་ཕྱི་རྒྱལ་གཞུང་ཚབ་སོགས་སྐྱ་སེར་སྟོང་ཕྲག་མང་པོ་དད་གདུང་དང་བཅས་ཏེ་འབྱོར། སྐུ་གདུང་ཞུགས་ཕུལ་རྗེས་དབུ་ཐོད་བུམ་རིལ་དང་། ཐུགས་ལྗགས་སྤྱན་གསུམ། སྐུའི་རིང་བསྲེལ་ཚོན་མདོག་སྣ་ཚོགས་བཅས་སྐལ་ལྡན་སློབ་བུ་རྣམས་ཀྱི་དད་རྟེན་དུ་འཇོག་གནང་མཛད་པ་ད་ལྟའང་མཇལ་ཡུལ་དུ་བཞུགས་ཡོད། ཅེས་རྣམ་ཐར་རང་བཞིན་བརྗོད་པ་དད་པའི་གསོས་འདེབས་འདི་ཉིད་བཀའ་རྙིང་བཤད་སྒྲུབ་གླིང་གི་མཁན་སྤྲུལ་རྡོར་སློབ་དབུ་ཆོས་ལས་སྣེ་དང་། དེ་བཞིན་སྣང་དགོན། ཨ་སུ་རའི་སྒྲུབ་སྡེ། གཞན་ཡང་ཆོས་སྡེ་འདི་དང་འབྲེལ་བའི་ཞལ་སློབ་ཁག་ནས་མཎྜལ་རྟེན་དོད་དར་དང་བཅས་ཏེ་ཡབ་རྗེ་དམ་པའི་མཛད་རྣམ་འབྲི་རོགས་ཞེས་ཡང་ཡང་བསྐུལ་བར་བརྟེན་དམ་པ་དེའི་རིགས་མྱུག་རྒན་པ་ཆོས་ཀྱི་ཉི་མ་སྤྲུལ་མིང་པས་བོད་རྒྱལ་ལོ་ ༢༡༣༨ རབ་གནས་ས་བྱི་ཟླ་ ༩ ཚེས་ ༡༠ ཉིན་ཤར་མར་བྲིས་པ་དགེའོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept