འགྲོ་དོན་ཕྱག་ན་པདྨ་ཡི༔ གསལ་བྱེད་གདམས་པ་ཟབ་མོ༔
༄༅༔ ༔ཡང་གསང་ཐུགས་ཐིག་ཆ་ལག་ལས༔ འགྲོ་དོན་ཕྱག་ན་པདྨ་ཡི༔ གསལ་བྱེད་གདམས་པ་ཟབ་མོ་ནི༔
ཧྲཱིཿ རང་རིག་སྐད་ཅིག་དྲན་རྫོགས་སུ༔
པད་དཀར་ཉི་མ་ཟླ་བའི་གདན༔
སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས༔
དྲི་མེད་དུང་མདོག་ཞལ་གཅིག་ཞི༔
ཕྱག་གཉིས་ཐལ་སྦྱར་མིག་འབྱེད་ཀྱི༔
ནོར་བུ་བསྣམ་ཞིང་འོད་ཟེར་འཕྲོ༔
ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔
རིན་ཆེན་རྒྱན་ལྡན་དར་གོས་གསོལ༔
སྤྱི་གཙུག་སྣང་བ་མཐའ་ཡས་ཀྱི༔
ཕྱག་གི་བུམ་པའི་ཆུ་རྒྱུན་གྱིས༔
ཁྲུས་མཛད་བདག་དང་ལྷ་སྲུང་གི༔
མི་གཙང་ཉམས་གྲིབ་ཀུན་སྦྱང་བཀྲུས༔
ཐུགས་ཀར་ཟླ་སྟེང་ཧྲཱིཿ་ཡིག་མཐར༔
སྔགས་ཀྱིས་བསྐོར་བའི་འོད་བྱིན་རླབས༔
ཡིད་བཞིན་ནོར་བུའི་ནུས་སྟོབས་ཀྱིས༔
ནད་གདོན་མི་གཙང་གྲིབ་རྐྱེན་ལས༔
མིག་སྐྱོན་སྒྲིབ་བྱེད་ཀུན་བསལ་ནས༔
རྣོ་གསལ་ཡེ་ཤེས་སྤྱན་རྒྱས་པར༔
བྱིན་རློབས་བླ་མ་སྤྱན་རས་གཟིགས༔
ཨོཾ་པདྨེ་པདྨེ་མ་ཎི་ཙཀྵུ་མེ་ཊ་ཤ་ཏྲཱུ་ན་ཡེ་སྭཱ་ཧཱ༔
ཅི་ནུས་བཟླ་ཞིང་མིག་དྲོད་གསོ༔
ཐོ་རངས་དུས་སུ་སྔགས་ཆུ་བྱུག༔
མིག་འབྱེད་གདམས་པ་མང་མོད་ཀྱང་༔
འདི་ལས་ཟབ་པ་ཡོད་རེ་ཀན༔
ཁྲག་འཐུང་དཔའ་བོའི་ཁྱད་ཆོས་སོ༔ ས་མ་ཡ༔
