Refuge Prayer for the Way of Bön—Tibetan
༁ྃ༔ རྫོགས་ཆེན་གསེར་ཐུར་བོན་སྤྱོད་སྐྱབས་འགྲོ་གསོལ་འདེབས་དབུའོ༔
༁ྃ༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
སངས་རྒྱས་གཡུང་དྲུང་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
འཕྲུལ་ངག་བདེན་པའི་བོན་བླ་ན་མེད་པ་རྣམས་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
གཤེན་སྟོན་རིག་འཛིན་འཕྲུལ་འཆང་རྣམས་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
བོན་སྐུ་ཀུན་ཏུ་བཟང་པོ་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
རྫོགས་སྐུ་དྲན་པ་ནམ་མཁའ་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
སྤྲུལ་སྐུ་བཻ་རོ་ཙ་ན་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
དྲིན་ཅན་བོན་ཞིག་གླིང་པ་ལ་སྐྱབས་སུ་མཆིའོ༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
བོན་སྐྱོང་གཏེར་བདག་སྲུང་མ་ལ་སྐྱབས་སུ་མཆིའོ༔
དངོས་མེད་མཐའ་བྲལ་བརྡལ་ཡངས་བོན་གྱི་སྐུ༔
རང་གསལ་འཛིན་མེད་ཀུན་སྣང་ལོངས་སྤྱོད་རྫོགས༔
གང་ཤར་སྣང་གྲོལ་ཞེན་བྲལ་སྤྲུལ་པའི་སྐུ༔
ཇི་བཞིན་བཅོས་མེད་རྫོགས་ལ་སྐྱབས་སུ་མཆིའོ༔
སྣང་སྲིད་གཞི་བཞེངས་བོན་ཉིད་ངོ་བོ་ལས༔
བདག་གཞན་གཉིས་མེད་སྤང་བླང་རེ་དོགས་བྲལ༔
རྩོལ་མེད་རང་བབས་ཤུགས་ལས་གྲོལ་བའི་སྐུ༔
སྣང་གསལ་གཟུང་བྲལ་ངང་དུ་སེམས་བསྐྱེད་དོ༔
སྐད་ཅིག་ཨ་ལས་རང་རིག་འགགས་མེད་རྩལ༔
ཕྱོགས་མེད་ཡུལ་བྲལ་ཉི་ཟླ་སེམས་དཔའི་སྟེང༔
བོན་སྐུ་ཀུན་བཟང་མཐིང་སྐྱ་སྐྱིལ་ཀྲུང་་བཞུགས༔
ཕྱག་གཉིས་མཉམ་བཞག་གཡུང་དྲུང་འོད་འབར་བསྣམས༔
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད༔
བོན་བཅུད་རྫོགས་ཆེན་གསེར་ཐུར་ལ་སྐྱབས་སུ་མཆིའོ༔
གསོལ་བ་བསྣམས༔
རྒྱན་མེད་གཅེར་བུ་ཀུན་ཏུ་ཞལ་གྱི་ཚུལ༔
སྟོང་གསལ་བོན་ལྔ་འོད་ཀྱི་ཚུལ་དུ་བསྐྱེད༔
བཅོས་མེད་མཉམ་ཡངས་ཡེ་བདེ་གཡུང་དྲུང་ངང༔
རྒྱ་ཡན་ངང་དུ་སོ་མ་གཤེགས་སུ་གསོལ༔
ཐ་སྙད་ཚིག་གི་རེ་དོགས་བྲལ་བ་སྟེ༔
བདེ་ཆེན་ལྷུན་གྲུབ་འཁོར་འདས་བོན་སྐུ་བཞུགས༔
རང་གིས་རང་གསལ་ཡེ་གྲོལ་རང་བདེ་ལ༔
ཡིན་མིན་སྤྲོས་བྲལ་ལྷུག་པར་ཕྱག་འཚལ་ལོ༔
རྟོགས་གྲོལ་མཐོང་རྒྱས་ཆེན་པོའི་ཞིང་ཁམས་སུ༔
གནད་གསུམ་གདེང་ལྡན་ཆེན་པོས་མཆོད་པ་འབུལ༔
ཡེ་ནས་གསལ་སྟོང་གློ་བུར་དྲིམ་མས་བསྒྲིབས༔
རང་ཐིམ་རྩ་བྲལ་ཆེན་པོར་མཐོལ་ལོ་བཤགས༔
བདེ་གསལ་མི་རྟག་ཉམས་ཀྱི་སྣང་བ་ལ༔
ཞེན་མེད་བརྗོད་བྲལ་ཆེན་པོ་རྗེས་ཡི་རང༔
རྟོག་གཉིས་བར་གྱི་བོན་སྐུ་རྩོལ་མེད་མཆོག༔
འོལ་པོ་རྗེས་མེད་གཟུགས་སྐུར་བོན་འཁོར་བསྐོར༔
བློ་ཟོག་རྟོག་པའི་དྲི་མས་མ་བསླད་པར༔
དུས་བཞིར་ཡེ་ཤེས་རང་གསལ་བཞུགས་སུ་གསོལ༔
འཁོར་འདས་བོན་སྐུའི་ཞིང་ཁམས་སུ༔
འགྱུ་གྲོལ་བོན་ཉིད་ཆག་ཆག་འདེབས༔
འཛིན་མེད་ཀུན་སྣང་ཚོམ་བུ་བཀོད༔
གྲགས་སྟོང་བརྗོད་མེད་མཆོད་སྤྲིན་གཏིབས༔
རྟོག་དཔྱོད་རྩོལ་གྲོལ་བྲལ་བའི་ཀློང༔
རང་བབས་ངང་དེར་བཞེས་སུ་གསོལ༔
ངོ་བོ་སྟོང་པའི་མཎྜལ་ལ༔
ངོ་བོ་སྟོང་པའི་དབྱིངས་སུ་འདུས༔
ངོ་བོ་སྟོང་པ་ངང་གསལ་ཅིག༔
སྐྱེ་མེད་ཆེན་པོར་བཞེས་སུ་གསོལ༔
རང་བཞིན་གསལ་བའི་མཎྜལ་འདི༔
རང་བཞིན་འཇའ་འོད་དབྱིངས་སུ་འབུལ༔
སྐུ་འདས་ཐིག་ལེས་རབ་བརྒྱན་ནས༔
ལྷུན་གྲུབ་ཆེན་པོར་བཞེས་སུ་གསོལ༔
ཐུགས་རྗེས་ཀུན་སྣང་མཎྜལ་འདི༔
སྐྱེ་མེད་མཐའ་བྲལ་ངང་དུ་འབུལ༔
རིགས་དྲུག་དོང་སྤྲུགས་སྤྲུལ་བཀྱེ་བ༔
འཛིན་མེད་ངང་དེར་བཞེས་སུ་གསོལ༔
ཨེ་མ་བླ་མ་ཀུན་ཏུ་བཟང༔
ལྟ་བ་མཐའ་བྲལ་དོན་རྟོགས་ཤིང༔
སྒོམ་པ་གསལ་སྟོང་ངོ་བོ་འཕྲོད༔
སྤྱོད་པ་སྤང་བླང་བྲལ་བ་མྱོང༔
འབྲས་བུ་ཡེ་ཐོབ་རང་ཆས་དེ༔
བདག་ཅག་རྣམས་ལ་བསྟན་དུ་གསོལ༔
རིན་ཆེན་གསེར་གཡུ་མུ་ཏིག་དང༔
དུང་དང་བྱི་རུ་མེན་ཤེལ་འབུལ༔
སྐུ་གསུམ་སྐུ་ལྔ་བསྟན་དུ་གསོལ༔
བརྗོད་མེད་རིག་པའི་ངང་ཀློང་དུ༔
བོན་སྐུ་ཀུན་ཏུ་བཟང་པོ་ལ༔
གཞི་མེད་ངང་དུ་གསོལ་བ་འདེབས༔
དྲི་བྲལ་རྗེན་པར་བྱིན་གྱིས་རློབས༔
རང་གསལ་ཡན་པའི་མཁའ་རྒྱ་རུ༔
ལོངས་སྐུ་དྲན་པ་ནམ་མཁའ་ལ༔
བྱིང་རྒོད་བྲལ་བར་གསོལ་བ་འདེབས༔
སྣང་སེམས་དབྱེར་མེད་བྱིན་གྱིས་རློབས༔
ཐུགས་རྗེ་རྩོལ་མེད་གཞལ་ཡས་སུ༔
སྤྲུལ་སྐུ་འགྲོ་དོན་མཛད་རྣམས་ལ༔
སྙེམས་བྲལ་ངང་ནས་གསོལ་བ་འདེབས༔
རང་བཞག་ལྟོས་བྲལ་བྱིན་གྱིས་རློབས༔
འགྱུ་འཛིན་དག་པའི་སྒྲུབ་གཤེན་ལ༔
མོས་གུས་སྤང་བླང་བྲལ་བར་བྱིན་གྱི་རློབས༔
སྟག་ཚང་སེང་གེ་གཏེར་གནས་སུ༔
རྫོགས་ཆེན་གསེར་གྱི་ཐུར་མ་ལ༔
དཀའ་སྤྱད་མོས་པར་གསོལ་བ་འདེབས༔
བོན་སྐུ་ཐོབ་པར་བྱིན་གྱིས་རློབས༔
འཁོར་འདས་རྒྱ་གྲོལ་གཞལ་ཡས་སུ༔
སྤྲུལ་སྐུ་བོན་ཞིག་གླིང་པ་ལ༔
མོས་གུས་གདུང་བས་གསོལ་བ་འདེབས༔
སྒྲུབ་རྒྱུད་ཟིན་པར་བྱིན་གྱིས་རློབས༔
བསྔོ་བ་ནི༔
ཧོ༔ བདག་དང་འགྲོ་ཀུན་ཅི་བཞིན་ངང་ནས་དགེ༔
བློ་ཟད་མྱ་ངན་འདས་པའི་བོན་དུ་བསྔོ༔
འཁོར་འདས་བདེ་ཆེན་གཡུང་དྲུང་མཐར་ཕྱིན་ནས༔
བཅིངས་མེད་གྲོལ་ཟིན་བོན་སྐུ་ཐོབ་པར་ཤོག༔
ས་མ་ཡ༔
རྒྱ་རྒྱ་རྒྱ༔